ཕྱི་ཟླ་༡༢ ཚེས་༣༡ དགོང་མོ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྡོར་གདན་རྙིང་མ་དགོན་པའི་ཉེ་འཁྲིས་སུ་བོད་ནང་གི་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་གྱི་གཞས་སྣ་འཁྲབ་སྟོན་བྱས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕེབས་ཏེ། གཞས་པ་དགུ་ཡི་ཟེར་སྡེར་གསར་པ་དགུ་དབུ་འབྱེད་གནང་སོང་།
འདི་ལོར་བཙན་བྱོལ་སྤྱི་ཚོགས་ནང་གཞས་པ་རྣམས་ཀྱིས་གླུ་གཞས་ཀྱི་འོད་སྡེར་གསར་པ་མང་ཤོས་བཏོན་པའི་ལོ་ཞིག་ཡིན་པ་དང་། བོད་ནང་གི་རང་དབང་འཐབ་རྩོད་པ་ཚོར་རྗེས་དྲན་གྱི་གཞས་ཚིགས་མང་ཤོས་ཀྱི་ལོ་གཅིག་ཀྱང་ཆགས་ཡོད་པ་རེད། འོན་ཀྱང་འདི་ལོར་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གཏོང་ མཁན་མང་པོ་བྱུང་བར་བརྟེན། བཙན་བྱོལ་ནང་གཞས་སྣ་འཁྲབ་སྟོན་གྱིས་མཚོན་སྤྲོ་སྐྱིད་རིགས་ལོ་འདིར་མཚམས་འཇོག་ཡོང་བའི་འབོད་སྐུལ་བྱེད་མཁན་ཡང་བྱུང་ཡོད་པ་རེད།
བཙན་བྱོལ་ནང་གི་གཞས་པ་གྲགས་ཅན་ཇོ་ལགས་བཀྲས་ཆུང་ལགས་ཀྱིས་རོལ་དབྱངས་འདུ་འཛོམས་བྱེད་དགོས་དོན་སྐོར་གསུང་དོན། ང་ཚོས་ནམ་རྒྱུན་གཞས་གཏོང་སྐབས་དགའ་བོ་སྐྱིད་པོ་བྱས་པ་ཡིན་པའི་རྣམ་པ་ཞིག་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་སྐོར་ལ་བསམ་བློ་གཏོང་གི་ཡོད། གཞས་ཀྱི་ཐོག་ནས་གསན་ཐུབ་ཀྱི་རེད། མཚམས་རེར་ལས་འགུལ་སྤེལ་སྐབས་འགྲིག་གི་མ་རེད་ཅེས་སྒོ་བརྒྱབ་ཡོང་བ་ལྟ་བུ་ བྱེད་ཀྱི་འདུག བཙན་བྱོལ་ནང་གི་གཞས་པ་ཚོར་དཀའ་ངལ་ཞིག་འདུག བོད་ནང་དུ་མཚོན་ན་གཞས་གཏོང་མཁན་ཚོས་དགོང་ཚོགས་འཚོགས་ཏེ། མི་རིགས་མཐུན་སྒྲིལ་དང་མི་རིགས་ཀྱི་ལ་རྒྱ་ཚང་མ་གླུ་གཞས་བརྒྱུད་ནས་མི་མང་ལ་སེམས་འགུལ་ཐེབས་པ་དེ་འདྲ་གནང་དང་གནང་མུས་རེད། ང་ཚོ་ཡིན་ནའང་དེའི་རྗེས་སུ་འབྲངས་ཏེ། གང་ཐུབ་བྱེད་ཀྱི་ཡོད། ཡིན་ཡང་སྒོ་མང་པོ་བརྒྱབ་ཡོང་ན་དཀའ་ངལ་ཆགས་ཀྱི་འདུག ང་ཚོར་ཁག་པོ་ཆགས་ཀྱི་འདུག ང་ཚོར་དཔལ་འབྱོར་འདུ་འགོད་ཀྱི་འདུན་པ་ཡོད་པའི་དབང་དུ་བཏང་ཡང། དཔལ་འབྱོར་འདུ་འགོད་ཀྱི་ཁོར་ཡུག་ཅིག་ཡོད་པ་མ་རེད། དཔལ་འབྱོར་དགོས་ཀྱི་རེད། ཡིན་ཡང་ད་ཐེངས་གཞས་པ་མཐུན་ཚོགས་ཀྱི་གོ་སྒྲིག་བྱས་ཏེ་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་མཚན་ཆེད་དུ་ཡིན་”ཞེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་དོན། “སྤྱིར་བཏང་དེང་སྐབས་བོད་ནང་དཀའ་ངལ་མང་པོ་ཞིག་ཡོད་པས། གཞས་སྣ་འཁྲབ་ན་འགྲིག་གི་མི་འདུག་ཅེས་བསམ་ཚུལ་མང་པོ་ཡོད་པ་རེད། ཡིན་ཡང་ཁོ་རང་ཚོའི་གཞས་ཚིག་དེ་ཚོར་ཉན་དུས་དོན་དག་ཧ་གོ་དགོས་པ་མང་པོ་འདུག སྤྱིར་བཏང་འདིར་ཚང་མ་ཆོས་ཞུ་རུ་ཡོང་བ་རེད་ལ། ཆོས་ཞུ་རྒྱུར་དོ་སྣང་གཏིང་ཟབ་པོ་དགོས་པ་རེད། ཕྱོགས་གཞན་ཞིག་ནས་ད་ཐེངས་རྡོར་གདན་དུ་ཆོས་ཞུ་བ་འབུམ་གཉིས་ཙམ་འཛོམས་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པས། དེར་ཆོས་ཞུ་རྒྱུ་དང་། བོད་པའི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲེམས་སྟོན། བཀའ་བློན་ཁྲི་པ་དང་། བཀའ་ཁྲི་ཟུར་པ་གཉིས་ཀྱིས་བོད་ཀྱི་གནས་སྟངས་དང་། མ་འོངས་པར་གནང་འཆར་ག་རེ་ཡོད་མེད་སོགས་ཀྱི་ཐོག་མི་མང་ལ་གཏམ་བཤད་གོ་སྒྲིག་ཡོད་པ་རེད་”ཅེད་གསུངས་སོང་།
ཁོང་གིས་མུ་མཐུད་གཞས་གལ་ཆེན་པོ་ཡིན་སྐོར་གསུང་དོན། “གཞས་ཟེར་བ་དེ་ཕྱོགས་གཅིག་ནས་ཨ་མཆོག་གིས་ཉན་ནས་དགའ་བོ་སྤྲོ་པོ་བྱེད་རྒྱུ་ གཅིག་པུ་རེད། ཕྱོགས་གཞན་ཞིག་ནས་གཏིང་ཟབ་པོར་བསམ་བློ་བཏང་ན། གོ་རྒྱུ་ཆེན་པོ་ཡོད་པ་རེད། དེང་སྐབས་བོད་ནང་དུ་ལྷག་པར་དུ་གཞས་སྤུས་དག། ཚིག་དེ་ཚོར་བལྟས་དུས་ཧ་ཅང་བློ་ཁོག་ཆེན་པོ་དང་། ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ། བོད་སྤྱི་པའི་རྩ་དོན་ལ་དོ་སྣང་ཆེན་པོ་རེད་འདུག རྒྱ་ནག་གི་མནར་གཅོད་འོག་བསྡད་དེ་སོ་སོའི་མི་རིགས་དང་ལ་རྒྱ། ཆོས་དང་རིག་གཞུང་གི་ཐོག་སེམས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དེ་རིང་འདིར་གཞས་གཏོང་མཁན་ཚོ་ཡང་ངས་མང་པོ་ཞིག་ཤེས་ཀྱི་ཡོད། འཁྲབ་ཆས་ཤིག་གྱོན་ན་ཡང་བོད་མིའི་ཐུན་མོང་མ་ཡིན་པའི་རྣམ་པ་སྟོན་ཨེ་ཐུབ་ལྟ་ མཁན་དེ་འདྲ་རེད། དེ་ཚོར་ང་ཚོས་སེམས་ཤུགས་སྤར་ནས་མུ་མཐུད་གནང་རོགས་གྱིས་ཟེར་རྒྱུ་ཡིན། ད་ལྟ་བཀྲས་ཆུང་ལགས་ཀྱིས་བཙན་བྱོལ་བོད་མིའི་ནང་གཞས་དེ་ཚོ་སྒོ་རྒྱག་གི་ཡོད་པ་ལྟ་བུ་བྱེད་ཀྱི་འདུག་གསུངས་སོང་། ང་ཚོས་སྒོ་རྒྱག་གི་མེད། སྒོ་ཕྱེ་ཡོད། དགའ་བསུ་བྱེད་རྒྱུ་ཡིན། མུ་མཐུད་གང་མང་གནང་རོགས་གྱིས། དུས་རབས་ཉེར་གཅིག་ནང་འགྲོ་ཡི་ཡོད་པས། ང་ཚོས་ལས་འགུལ་མང་པོ་སྤེལ་དགོས་པ་རེད། གོམ་པ་བརྒྱབ། བསམ་བློ་གཏོང་དགོས་པ་རེད་མ་གཏོགས། སྔོན་མ་བཞིན་བསམ་བློ་གུ་དོག་པོ་བཏང་ན་འགྲིག་གི་མ་རེད། མ་འོངས་པར་ཡིན་ནའང་བོད་སྤྱིའི་རྩ་དོན་དང་། བདེ་སྡུག་ཐོག་བསམ་བློ་གཏོང་དགོས་པ་རེད། ཁོང་ཚོས་གང་སར་འཁྲབ་སྟོན་བྱེད་དུ་སོང་ནས།་འཛམ་གླིང་བོད་མིའི་བརྡ་ལན་ཞིག་ཁྱེར་ནས་འགྲོ་ཡི་ཡོད་པ་རེད། རྒྱབ་སྐྱོར་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།
བང་ཆེན་དྲ་བ།
No comments:
Post a Comment
སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།