བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ངོ་སྤྲོད།



བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན།
          བོད་ཀྱི་དམངས་ཁྲོད་སྒྲ་སྙན་རྡུང་ལེན་ཆེད་མཁས་པ་དཔལ་མགོན་ལགས་ནི། སྤྱི་ལོ1949 ལོར་མདོ་ཁམས་ཀན་ལྷོ་གཡང་ལྡན་ཕྱུག་མོའི་རྨ་ཆུ་རྫོང་ཁོངས་ཀྱི་མཁར་ཆེན་ཚོ་བ་ཞེས་པར་སྐྱེས་ཤིང་། 1970ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཁག་ལས་མཐར་ཕྱིན་ཏེ་སྨན་པའི་ལས་གནས་ལ་ཞུགས་ནས་འགྲོ་བའི་སྡུག་བསྔལ་དྲུངས་འབྱིན་ལ་བརྩོན་པའི་ལས་རིམ་ཁྲོད་རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་
སྨན་སྤྱི་གཞོན་པ་དང་སྨན་སྤྱི་ཆེན་མོའི་གཙོ་འགན་བཞེས་པ་དང་། ཁོང་གི་ཆེད་ལས་ཀྱི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་ཕེབས་ལམ་ཡག་པོ་ནས་སྐྱབས་རྗེ་གུང་ཐང་འཇམ་པའི་དབྱངས་རིན་པོ་ཆེ་མཆོག་གཙོས་པའི་དམ་པའི་སྐྱེས་ཆེན་དང་།
བླ་ཆེན་དཔོན་ཆེན་དུ་མའི་བླ་སྨན་མཛད་དེ་བདེ་ཐང་གི་ཞབས་ཏོག་ཞུ་མྱོང་ལ། ཁོར་ཡུག་གི་འགྲོ་བ་ནད་གདོན་གྱིས་ཉེན་པ་དུ་མར་མི་འཇིགས་སྲོག་གི་སྦྱིན་པ་གནང་བའི་ཕྱག་ལས་ཀྱི་ཐད་ནས་ཞིང་ཆེན་ཕྱི་ནང་དུ་སྙན་གྲགས་རྒྱས།
          ལས་ཞོར་དུ་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོལ་མོ་རིག་བྱེད་ཚོགས་པའི་རྒྱུན་གཉེར་ལས་འཛིན་དང་། ཀན་སུའུ་ཞིང་ཆེན་སྒྲ་བརྙན་དཔེ་སྐྲུན་ཁང་གི་གདན་ཞུས་འཁྲབ་སྟོན་པ། མདོ་ལྷོ་ཁུལ་རིག་གནས་མཉམ་འབྲེལ་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྒྲ་སྙན་རྡུང་ལེན་ལྷན་ཚོགས་ཀྱི་བློ་འདོན་པ། རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་བདག་གཉེར་ལས་ཀའི་བློ་འདོན་པ་སོགས་ཀྱི་ལས་འགན་ཁུར་མྱོང་བ་སོགས་ནི་ལོ་རྒྱུས་ཀྱི་ཟུར་ཙམ་ཡིན།
          ཁོང་སྐུ་ན་གཞོན་དུས་སུ་བོད་ཀྱི་དམངས་ཁྲོད་རོལ་མོ་རྡུང་ལེན་སྒྱུ་རྩལ་ལ་དགའ་འདུན་ཤིན་ཏུ་ཆེ་བ་རྒྱུ་མཚན་དུ་བྱས་ནས། 1963ལོ་ནས་བཟུང་བོད་ཀྱི་མངའ་རིས་སྒྲ་སྙན་གཙོས་རྒྱུད་མང་རིགས་དང་། རྔ་དང་རོལ་ཆས་རྡུང་རྒྱུ་དང་ཞབས་བྲོ་འཁྲབ་བཞིན་གླུ་དབྱངས་ལེན་པ་སོགས་ལ་འབད་འབུངས་ཤུགས་ཆེན་གནང་བའི་གྲུབ་འབྲས་སུ་བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་སྐྱེས་སྦྱང་གི་ཡོན་ཏན་ཚད་རིམ་མཐོན་པོར་སླེབས། ཁོའི་རྡུང་ལེན་སྒྱུ་རྩལ་ལ་རིམ་བཞིན་བོད་ཡུལ་སྤྱིའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་རྒྱ་ཆེན་ཐོབ་པར་མ་ཟད། རིམ་བཞིན་གཞུང་སྒྲུབ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱི་གར་སྟེགས་སུ་ཕེབས་པས། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ནང་སོག ཀན་སུའུ་ཞིང་ཆེན་བཅས་ཀྱི་རླུང་འཕྲིན་ཁང་སོ་སོ་ནས་ཁོང་གི་རྡུང་ལེན་སྙན་མོ་དག་རྒྱང་སྒྲོག་བྱེད་པ་རེད།
          1981ལོར་ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་འཐུས་མིའི་ཚོགས་ཆེན་ཐོག་གསར་གཏོད་ཀྱི་བྱ་དགའ་ཨང་དང་པོ་དང་། འཁྲབ་སྟོན་སྒྱུ་རྩལ་གྱི་བྱ་དགའ་ཨང་གཉིས་པའི་དཔང་རྟགས་ཐོབ། དེ་ནས་བཟུང་དབུས་དང་མདོ་ཁམས་གཙོ་བོ་ཡིན་པའི་བོད་ཁུལ་གྱི་ས་གནས་མི་ཉུང་བ་ཞིག་གི་གདན་ཞུས་ལྟར་ཕེབས་ནས་རྡུང་ལེན་སྒྱུ་རྩལ་འཁྲབ་སྟོན་གྱིས་རང་རིགས་ཀྱི་རེ་འདུན་སྐོང་ཅི་ཐུབ་མཛད་པས། རྒྱ་ཆེའི་མི་དམངས་ཀྱིས་ཁོང་ལ་སྒྲ་སྙན་རྡུང་ལེན་གྱི་མཁན་པོ་ཞེས་པའི་མཚན་སྙན་གྱི་ཆོ་ལོ་ཞིག་ཀྱང་རང་བཞིན་གྱིས་བསྩལ། ཁོང་གིས་སྤྱི་ལོ2000ལོར་རྨ་ཆུ་རྫོང་དམངས་ཁྲོད་རྡུང་ལེན་རུ་ཁག་གསར་དུ་བཙུགས་ཏེ་ཤམ་བྷ་ལ་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་དང་པོའི་ཐོག་འཁྲབ་སྟོན་མཛད་པ་དང་། 2004ལོར་རྨ་ཆུ་རྫོང་གླིང་གེ་སར་རིག་གནས་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་ཐེངས་དང་པོར་བོད་ཀྱི་དཔའ་བོའི་མི་སྣའི་བསྟོད་སྒྲུང་རིང་མོ་གེ་སར་སྒྲུང་གླུ་དེ་མི་གྲངས་སྟོང་གིས་གྲུབ་པའི་དཔུང་སྟོབས་ཆེན་མོས་འཁྲབ་སྟོན་བྱས་པ་ནི། ལོ་རྒྱུས་ཐོག་གི་སྒྲུང་གླུའི་འཁྲབ་སྟངས་གསར་བ་ཞིག་ཡིན་པར་གྲགས་ཏེ་རྒྱ་ཆེ་བའི་ལྟད་མོ་བས་དགའ་བསུ་བླ་ལྷག་ཏུ་ཐོབ།
          དེ་བཞིན་དུ2005ལོར་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལབ་རྩེ་དེང་རབས་བོད་ཀྱི་རིགས་གནས་དཔེ་མཛོད་ཁང་གིས་ཉིའུ་ཡོས་ཁྲོང་ཁྱེར་གྱི་ཀོ་ལོན་པེ་ཡ་སློབ་གྲྭ་ཆེན་མོས་བསྒྲུབས་པའི་བོད་ཀྱི་ལོ་སར་བསུ་བའི་འཁྲབ་སྟོན་ཚོགས་འདུའི་མཛད་སྒོར་གདན་འདྲེན་ཞུས་ཏེ་གར་སྟེགས་མཛེས་པར་བྱེད་པའི་སྒྲ་སྙན་རྡུང་ལེན་གྱི་བྱེད་སྒོ་སྤེལ་བའི་གོ་རིམ་ཁྲོད་ནས་ཀྱང་རྒྱལ་ཁབ་དང་མི་རིགས་མི་གཅིག་པའི་ལྟ་མཁན་དང་ཉན་མཁན་ཁྲི་སྟོང་མང་པོས་དགའ་བསུ་དཔེ་མེད་པ་ཐོབ། 2006ལོར་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་། ཞིང་ཆེན་གེ་སར་ཞིབ་འཇུག་འགོ་ཁྲིད་ཚན་ཁག   ཀན་ལྷོ་ཁུལ་དྲིལ་སྒྲོག་ཁང་། རིག་རྩལ་མཉམ་འབྲེལ་ལས་ཁུངས་བཞིས་ལྷན་དུ་བསྩལ་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཁུགས་གཡང་ར་དང་པོའི་གེ་སར་རིག་རྩལ་མཛད་རྗེས་བྱ་དགའ་ཐོབ།
          མདོར་ན་རྡུང་ལེན་པ་དཔལ་མགོན་ལགས་ཀྱིས་མི་ཚེ་གང་བོར་བོད་ཀྱི་སྒྲ་སྙན་གསར་རྩོམ་དང་གོང་འཕེལ་གྱི་ལས་ཀར་ཕྱག་རྗེས་རླབས་ཆེན་བཞག་ཡོད་པ་ནི། ཁོང་གིས་རྒྱ་ཆེའི་མང་ཚོགས་ཀྱི་རྣ་བའི་བཅུད་དང་ཡིད་ཀྱི་གསོས་སུ་གྱུར་བའི་ཁྱད་ཆོས་འབུར་ཐོན་ཅན་གྱི་རྡུང་ལེན་གྱི་དབྱངས་རྟ་གསར་བ70ལྷག་གསར་རྩོམ་གནང་བ་དང་། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གླུ་ཚིག20ལྷག་གསར་རྩོམ་བྱས། དེ་བཞིན་དུ《དཔལ་མགོན་གྱི་རྡུང་ལེན་ཆེད་སྒྲིག》དང་། 《བོད་ཀྱི་པི་ཝང་འབྲུག་མགོ་མ》། 《དུས་འཁོར་དབང་ཆེན་བསྟོད་གླུ》སོགས་སྒྲ་ཐག20ལྷག་པར་བསྐྲུན་འགྲེམ་སྤེལ་མཛད་པས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་ཀྱི་གངས་ཅན་བོད་པའི་སྙན་དབང་སྐྱིད་ལ་བཀོད། རིམ་པ་བཞིན《བོད་ཀྱི་རྡུང་ལེན་སྒྱུ་རྩལ་བ་གྲགས་ཅན་དཔལ་མགོན་གྱི་སྙན་དབྱངས་ཆེད་སྒྲིག》དང་།  《ཡིད་དབང་འཕྲོག་པའི་དུང་ཟླ》སོགས་ཟེར་སྡེར་མི་ཉུང་བ་ཕབ། དེ་ལས་ཀྱང་ཁོའི་སྒྲ་སྙན་རྡུང་ལེན་གྱི་དབྱངས་རོལ་མཛུབ་སྲིད་འོག་ནས་འཚར་ལོངས་བྱུང་བའི་ཕ་སྐད་གཙང་མའི་རྡུང་ལེན་པ་དང་། དབྱངས་རོལ་རིག་རྩལ་ལ་བྱང་ཆ་ཕུལ་དུ་བྱུང་བའི་སྒྱུ་རྩལ་བ་མི་ཉུང་བ་ཞིག་ལ་སྤྱི་ཚོགས་ཀྱིས་དགའ་བསུ་ཐོབ་ཀྱིན་ཡོད་ལ། ནང་སྒོས་སུ་གངས་ལྗོངས་ཁུ་བྱུག་སྔོན་མོ་གདུ་བྷེ་དང་། གཡུ་འབྲུག་སྔོན་མོ་རྡོ་རེད། གངས་བཞུགས་སོགས་སོ་སོའི་ཐད་ནས་དབྱངས་རོལ་གྱི་རྒྱུད་འཛིན་བྱེད་ཅིང་རིག་རྩལ་བ་གསོ་སྐྱོང་ཐུབ་པའི་ཕུལ་བྱུང་རྡུང་ལེན་སྒྱུ་རྩལ་བ་ཡང་མི་ཉུང་བ་གསོ་སྐྱོང་གནང་སྟེ་ད་ལྟ་བོད་ཀྱི་མངའ་རིས་སྒྲ་སྙན་གྱི་བསྟན་པ་བོད་ཡུལ་སྟོད་སྨད་བར་གསུམ་དུ་རྒྱ་ཆེར་སྤེལ་བའི་མཛད་རྗེས་བླ་མེད་མཆིས་སོ།།
 མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།