མཚོ་སྔོན་འགྲན་ཁུལ་གྱི་བོད་རིགས་མེ་ཏོག་ཆུན་པོ།


མཚོ་སྔོན་པོ་དྲ་བ་ནས།
            མཚོ་སྔོན་འགྲན་ཁུལ“མེ་ཏོག་ཆུན་པོའི”ཐོག་མའི་འགྲན་བསྡུར་དེ་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་ཟི་ལིང་གྲོང་ཁྱེར་ནས་བསྡུས། འགྲན་བསྡུར་སྟེང་མི་རིགས་ཀྱི་སྲོལ་རྒྱུན་གླུ་དབྱངས་དང་དེང་རབས་གླུ་དབྱངས་ལ་བྱང་ཆ་ལྡན་པའི་བོད་རིགས་གླུ་མ་པདྨ་འཚོ་ཡིས་ཐོག་མའི“རྒྱལ་ཁའི་བྱང་བུ”བླངས་པར་མ་ཟད་ཞལ་འདེམས་པ་དང་རྒྱ་ཆེའི་ཉན་མཁན་རྣམ་པའི་དགའ་བསུ་ཆེན་པོ་ཐོབ། ཞལ་འདེམས་པ་ཚའོ་ཞིན་ཡུན་གྱིས་བཤད་རྒྱུར། པདྨ་འཚོ་ནི་སྲོལ་རྒྱུན་དང་དེང་རབས་གླུ་དབྱངས་གཉིས་ལ་ཧ་ཅང་བྱང་ཆ་ལྡན་པའི་བོད་རིགས་གླུ་མ་ཞིག་ཡིན་པས་འདི་འདྲའི་འགྲན་ཞུགས་མི་སྣ་དངོས་ནས་དཀོན་པོ་འདུག་ཞེས་གདེང་འཇོག་ཚད་མཐོན་པོ་བྱས།


ཞལ་འདེམས་པས་པདྨ་འཚོ་ལ་རྒྱལ་ཁའི་བྱང་བུ་གནང་བཞིན་པ།

བོད་རིགས་མེ་ཏོག་ཆུན་པོ་པདྨ་འཚོ།
            པདྨ་འཚོའི་ཁྲ་ལེམ་མེར་ཡོད་པའི་སྐར་ཆེན་ལྟ་བུའི་མིག་ཟུང་གིས་སྐྱེ་འབྲས་དྭངས་ལ་མཛེས་ཤིང་སྡུག་པའི་ངོ་གདོང་ཀུན་ནས་རྒྱན་ཡོད་པ་དང་། རྫོགས་ལྡན་གྱི་ལང་ཚོས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག  དེ་ལས་ལྷག་པའི་ཁོ་མོའི་སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ལ་སེམས་འགུལ་ཐེབས་སུ་བཅུགས། དེ་བས་ཁོ་མོ་ནི་ད་ལོའི་དབྱར་ཟླ་དྲུག་པའི་མེ་ཏོག་ཞིག་དང་འདྲ་བར་ཉན་མཁན་མི་ཉུང་བ་ཞིག་གི་སེམས་སུ་རྣམ་པར་བཞད་ཡོད།    

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།