དཔའ་བོའི་གད་རྒྱངས་ཞེས་པའི་ཆེད་སྒྲིག་བརྙན་འཁོར་མི་འགྱངས་པར་ཚོང་རར་ཐོན་རྒྱུ་རེད།


མཚོ་སྔོན་རླུང་འཕྲིན་དྲ་བ་ནས།

ཉེ་ལམ། མདོ་སྨད་བ་ཡན་གསེར་ལྗོངས་ནས་འཚར་ལོངས་བྱུང་ཞིང་ད་ལྟ་བྱ་ཁྱུང་དགོན་པར་ཡོད་པའི་རབ་བྱུང་བ་སྐལ་བཟང་གྱིས་ཤ་ཞེན་དང་དགེ་ཕན་ཁོ་ནས་བསྐུལ་ཏེ་ཕ་ཡུལ་རང་གི་མི་རིགས་སྐད་ཡིག་མི་ཉམས་འཕེལ་རྒྱས་སུ་གཏང་རྒྱུ་དམིགས་སུ་བཟུང་ནས་བསྒྲིགས་པའི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་གསར་པ«དཔའ་བོའི་གད་རྒྱངས»ཚོང་རར་འགྲེམ་སྤེལ་བྱ་རྩིས་ཡོད། གཞན་སྐལ་བཟང་ལགས་ཀྱིས་ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་གྱིས་སློབ་གྲྭ་དེའི་སློབ་མ་སྐོར་ཞིག་དབྱར་གནང་དང་དགུན་གནང་གི་སྐབས་སུ་རང་གི་ཕ་ཡུལ་ལ་མངགས་ནས་ཁོ་ཚོར་ཕ་ཡུལ་གྱི་གཞོན་རབས་པར་མི་རིགས་རང་གི་སྐད་དང་ཡི་གེ་འཆད་ཁྲིད་བྱེད་དུ་བཅུག་ལ་གྲུབ་འབྲས་ཡང་མི་དམན་པ་ཐོབ་ཡོད། ཉེ་ལམ་ཁོས་མཐའ་གཅིག་ཏུ་སློབ་ཁྲིད་ཁོ་ནའི་ལག་ཆར་བརྟེན་ན་རང་གི་ལུང་པའི་སྐད་ཡིག་འཕེལ་རྒྱས་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཁག་པར་བསམ་ནས་རང་གི་ཕ་ཡུལ་གྱི་གསར་སྐྱེས་གླུ་བ་གླུ་མ་གཙོ་དང་དེ་མིན་བོད་ཁམས་སུ་ཅུང་སྐད་གྲགས་ཡོད་པའི་གླུ་བ་གླུ་མ་སྐོར་ཞིག་ཀྱང་གདན་དྲངས་ནས་མ་རྩ་སྒོར་མོ་ཁྲི་བདུན་ལྷག་གིས་དཔའ་བོའི་གད་རྒྱངས་ཞེས་པའི་གླུ་ཚིག་གི་ནང་དོན་མི་རིགས་སློབ་གསོ་ཡར་སྐུལ་གཙོ་ཡིན་པའི་ཆེད་སྒྲིག་བརྙན་འཁོར་གསར་པ«དཔའ་བོའི་གད་རྒྱངས»རྒྱ་ཆེའི་ལྟ་མཁན་དང་གསན་མཁན་ལྷན་རྒྱས་ཀྱི་གཟིགས་མོར་འབུལ་རྒྱུ་རེད། ང་ཚོས་འདི་ནས་སྐལ་བཟང་ལགས་ལྟ་བུའི་རྣམ་ཀུན་མི་རིགས་སློབ་གསོའི་ལས་དོན་ལ་སེམས་ཁུར་དང་དེར་རང་ནུས་ཅི་ཡོད་འབུལ་བཞིན་པའི་སྤྱི་ཚོགས་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་དག་ལ་བཀའ་དྲིན་ཆེ་ཞུ།


གསར་འགོད་པ། ཚེ་བཀྲ།

 

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།