གཞས་ཚང་མ་ངོ་རྒོལ་སྐོར་རྐྱང་རྐྱང་རེད་ཅེས་བརྗོད་སོང་།


གཞས་པ་བསྟན་འཛིན་འཇིགས་མེད་ལགས་སུ་བཅར་འདྲི།
བསྟན་འཛིན་འཇིགས་མེད་ལགས་ནི་དེང་དུས་ཕྱི་ལུགས་རོལ་དབྱངས་ཐོག་ཆེད་སྦྱོང་ཡོད་པའི་བོད་པའི་གཞོན་སྐྱེས་སྒྱུ་རྩལ་པ་ཞིག་ཡིན་པ་དང་། ཨ་རིར་ཕྱི་རྒྱལ་རོལ་དབྱངས་ཚོགས་པ་ཞིག་གི་ནང་དུ་ལོ་ཤས་རིང་རོལ་ཆ་དཀྲོལ་བཏང་རྗེས།
ཕྱི་ལོ་༢༠༠༨ ལོར་ཨ་རིར་གསར་འཛུགས་བྱས་པའི་བོད་པའི་དེང་དུས་རོལ་དབྱངས་ཚོགས་པ་“མེ་ལོང་”ཞེས་པའི་ནང་གཞས་པ་དང་རོལ་ཆ་དཀྲོལ་མཁན་ཡིན་པ་རེད། ཚོགས་མི་བཞི་ལས་གྲུབ་པའི་མེ་ལོང་རོལ་དབྱངས་ཚོགས་པ་དེའི་ཟེར་སྡེར་གཉིས་པ་“ངོ་ལོག”ཞེས་པ་དེ་ཕྱི་ལོ་ ༢༠༡༡ ལོར་བཏོན་ཡོད་པ་རེད། དེ་བཞིན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཨ་རིར་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་ཅིག་ནང་ལས་འགུལ་སྣེ་ཁྲིད་བྱེད་མྱོང་ཡོད་པ་དང་། ད་ལྟ་ཨ་རི་མི་ནི་སོ་ཌའི་ས་གནས་གཞོན་ནུའི་ཚོགས་གཙོའི་ལས་འགན་འཁུར་བཞིན་ཡོད་པ་རེད།
དྲི་བ། མེ་ལོང་རོལ་དབྱངས་ཚོགས་པའི་ཟེར་སྡེར་གཉིས་པ་“ངོ་ལོག”ཞེས་པ་དེ་ངོ་སྤྲོད་གནང་རོགས།
ལན། ང་ཚོ་མེ་ལོང་རོལ་དབྱངས་ཚོགས་པས་ཟེར་སྡེར་གཉིས་པ་དེའི་ཐོག་ཏུ་སྐར་མ་དམར་པོ་ཞིག་གི་སྟེང་ངོ་ལོག་ཅེས་བྲིས་ཡོད་པ་རེད། སྤྱིར་བཏང་མང་པོ་ཞིག་གིས་སྐར་མ་དམར་པོ་དེ་རྒྱ་ནག་དང་དམར་ཤོག་ལྟ་བུའི་མཚོན་དོན་ཡིན་པས་དེ་འདྲ་ཞིག་གི་པར་འཇོག་དགོས་པ་གང་ཡིན་འདྲི་མཁན་མང་པོ་ཞིག་བྱུང་སོང་། སྐར་མ་དམར་པོ་དེའི་མཚོན་དོན་ནི་རྒྱ་ནག་དང་དམར་ཤོག་གི་ལྟ་བར་གོ་ཡི་ཡོད་པ་རེད་། དེའི་སྟེང་ངོ་ལོག་ཅེས་བྲིས་པ་དེས་ཟེར་སྡེར་དེའི་ནང་གི་གཞས་ཆ་ཚང་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་ཡོད་པའི་རྣམ་འགྱུར་མཚོན་གྱི་ཡོད་པ་རེད། ཟེར་སྡེར་དེའི་ནང་གི་གཞས་ཆ་ཚང་ངོ་རྒོལ་གྱི་གཞས་རྐྱང་རྐྱང་རེད། ངོ་ལོག་ཞེས་ཟེར་དུས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་ལ་ངོ་རྒོལ་བྱས་པར་གོ་དགོས་པ་རེད། རྒྱལ་རབས་ལོ་རྒྱུས་ནང་། སྔོན་མ་ཨ་རི་དང་ཡུ་རོབ་ནང་དུ་མི་མང་སྒེར་ལངས་དང་མི་རིགས་ནག་པོའི་རང་དབང་འཐབ་རྩོད་བྱེད་སྐབས་སུ་ངོ་རྒོལ་གྱི་གཞས་རིགས་འདྲ་མིན་ཁྱབ་ཆེན་པོ་ཞེ་དྲག་བྱུང་བ་རེད། སྐབས་དེ་དུས་གཞས་པ་མང་པོ་ཞིག་གིས་རང་གི་མི་རིགས་ཀྱི་ལ་རྒྱ་དང་། ཆིག་སྒྲིལ་གྱི་ནུས་པ། རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་གཞས་བཏང་སྟེ་གནས་ཚུལ་ཁྱབ་སྤེལ་བྱེད་པ་དང་། སེམས་ཤུགས་སྤར་བ་དེ་འདྲ་བྱས་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་ཡག་པོ་བྱུང་ཡོད་པ་རེད། ང་ཚོས་དེ་འདྲ་ནང་བཞིན་བྱས་པ་རེད། ཡང་མི་མང་པོ་ཞིག་གིས་ང་ཚོས་ཟེར་སྡེར་སྟེང་སོ་སོའི་པར་བཞག་ན་ཟེར་སྡེེར་མང་པོ་ཚོང་གི་རེད་ཟེར་མཁན་འདུག ང་ཚོས་དེ་འདྲར་བལྟ་ཡི་མེད། གཞས་ཀྱི་བརྒྱུད་ལམ་ནས་བོད་པའི་གནས་ཚུལ་དང་བོད་རང་བཙན་འཐབ་རྩོད་དེ་གང་ཐུབ་ཐུབ་ཀྱི་མི་མང་ལ་སྤེལ་བ་ཡིན་ན་ཕན་ཐོགས་ཀྱི་རེད་བསམ་ནས་ཟེར་སྡེར་དེ་འདྲ་ཞིག་བཏོན་པ་ཡིན།
དྲི་བ། མེ་ལོང་ནི་རོལ་དབྱངས་ཚོགས་པ་ཞིག་རེད། དེར་བརྟེན་གཞས་གཅིག་པུ་གཏོང་མཁན་དང་མ་འདྲ་བའི་དམིགས་བསལ་དཀའ་ངལ་དེ་འདྲ་ཡོད་དམ། 
ལན། ང་རང་གིས་ཕྱི་གླིང་གི་རོལ་ཆ་ལ་སྦྱང་པ་ཡིན་ལ། བསྟན་འཛིན་ངག་དབང་ལགས་ཀྱིས་བོད་པའི་སྲོལ་རྒྱུན་རོལ་ཆའི་སྐོར་སྦྱང་པ་རེད། དེར་བརྟེན། ང་ཚོས་གཞས་གསར་པ་བཟོ་སྐབས་ངས་ནུབ་ཕྱོགས་ཀྱི་རོལ་ཆའི་ཐོག་ནས་རོལ་དབྱངས་བཟོས་པ་དེར་ཁོང་གིས་བོད་པའི་རོལ་དབྱངས་བཅུག་སྟེ་ཡག་པོ་ཡོང་གི་འདུག གལ་སྲིད་ང་ཚོ་ཚང་མ་བོད་པའི་སྲོལ་རྒྱུན་རོལ་ཆའམ་ཡང་ན་དེང་དུས་ནུབ་ཕྱོགས་ཀྱི་རོལ་ཆ་གཅིག་པུ་མ་གཏོགས་ཤེས་ཀྱི་མེད་ན་ཡར་རྒྱས་དེ་ཙམ་འགྲོ་ཐུབ་རྒྱུ་མ་རེད། ང་ཚོས་ཆེད་སྦྱོང་བྱེད་ས་མ་འདྲ་བ་ཡིན་པས། དམིགས་བསལ་དཀའ་ངལ་གང་ཡང་འཕྲད་མ་བྱུང། ཡིན་ཡང་གཞས་གཅིག་པུ་ལ་བརྟེན་ཏེ་རང་གི་འཚོ་བ་སྐྱེལ་རྒྱུ་ཁག་པོ་རེད། ང་ཚོའི་རོལ་དབྱངས་ཚོགས་པར་ཆ་བཞག་ན་མི་བཞི་ཡོད་པ་རེད། གཞས་སྣ་འཁྲབ་སྟོན་ཙམ་ལ་ཡང་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ང་ཚོས་གཞས་བཏང་བ་ཙམ་མིན་པར་མཉམ་དུ་རོལ་ཆ་དངོས་སུ་དཀྲོལ་གྱི་ཡོད། རོལ་ཆ་སྒྲ་འཇུག་བྱས་ཏེ་གཞས་བཏང་བ་ལྟ་བུ་མ་རེད། གཞས་གཏོང་རྒྱུར་འགྲོ་སོང་ཆེན་པོ་ཡིན་པས། གཞས་གཏོང་ཆེད་དུ་མགྲོན་འབོད་བྱེད་མཁན་དཀོན་པོ་རེད། སྐབས་རེ་གཞོན་ལྷན་སོགས་ཚོགས་པ་ཁག་དེ་འདྲའི་དཔལ་འབྱོར་མཁོ་སྒྲུབ་ཆེད་གཞས་གཏོང་གི་ཡོད་ཀྱང་། རོལ་དབྱངས་ཚོགས་པ་ལ་ཁེ་བཟང་ཆེན་པོ་རག་རྒྱུ་མེད་དུས་རོལ་དབྱངས་ཚོགས་པ་དེ་མུ་མཐུད་རྒྱུན་གནས་བྱེད་ཐུབ་རྒྱུ་ཁག་པོ་མཐོང་གི་འདུག
དྲི་བ། དཀའ་ངལ་ལ་གདོང་ལེན་གང་འདྲ་དགོས་དང་། རོལ་དབྱངས་ཚོགས་པ་དེ་གནས་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་དམ།
ལན། དང་པོ་དེར་མི་མང་གིས་ད་བར་རྒྱབ་སྐྱོར་ཡག་པོ་གནང་སོང་བས་དེའི་ཕན་ཐོགས་ཞེ་དྲག་ཡོང་གི་འདུག ང་ཚོས་ཐོག་མར་རོལ་དབྱངས་ཚོགས་པ་དེ་བཙུགས་སྐབས་ཨ་རིའི་མི་ནི་སོ་ཊའི་མི་མང་གིས་དམིགས་བསལ་གྱི་དཔལ་འབྱོར་ཐོག་རྒྱབ་སྐྱོར་ཡག་པོ་གནང་སྟེ་རོལ་ཆ་ཚང་མ་ཉོ་ཐུབ་པ་བྱུང་བ་རེད། མི་མང་པོ་ཞིག་གིས་དཀའ་ངལ་ལ་མ་ལྟོས་པར་རོལ་དབྱངས་ཚོགས་པ་དེ་གནས་ཐུབ་ན་ཡག་པོ་ཡོང་ས་རེད་ཅེས་བཤད་མཁན་མང་པོ་བྱུང་སོང། ང་ཚོས་རོལ་དབྱངས་ཚོགས་པ་དེ་ཡག་པོ་ཞིག་ཡོང་མིན་ལ་མ་ལྟོས་པར་མི་མང་གིས་རྒྱབ་སྐྱོར་དེ་འདྲ་གནང་བ་དེས་སེམས་ཤུགས་འཕར་མ་ཞིག་སྐྱེས་ཡོང་གི་འདུག
གཉིས་པ་དེ་ཕྱི་རྒྱལ་ལུང་པར་འཚར་ལོངས་འབྱུང་བཞིན་པའི་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་བོད་སྐད་དང་བོད་གཞས་ལ་དོ་སྣང་དེ་ཙམ་མེད་མཁན་དང་ཁ་ཤས་བོད་སྐད་གཅིག་ཀྱང་མི་རྒྱག་མཁན་མང་པོ་ཞིག་ཡོད་མོད། དེ་འདྲ་རིགས་ཁ་ཤས་ཀྱིས་ང་ཚོའི་གཞས་ལ་ཉན་རྗེས་བོད་པའི་སྐད་དང་རིག་གཞུང་ལ་དོ་སྣང་སླེབས་པ་དེ་འདྲ་བྱུང་སོང་། དཔེར་ན་ང་ཚོས་ཐེངས་གཅིག་ཨ་རིའི་སཱན་ཧྥ་རན་སིས་ཁོ་ཞེས་པའི་ས་གནས་དེར་གཞས་ཤིག་བཏང་བ་ཡིན། སྐབས་དེར་བོད་པའི་གཞོན་སྐྱེས་ཁག་ཅིག་ང་ཚོའི་སར་སླེབས་ཏེ་ཁོང་ཚོས་སྔོན་མ་ཡིན་ན་བོད་གཞས་ལ་དོ་སྣང་མེད་ཀྱང་ཁྱེད་ཚོའི་གཞས་ལ་ཉན་པས་བོད་གཞས་ཉན་རྒྱུ་འགོ་འཛུགས་རྒྱུ་ཡིན་ཞེས་ལབ་ཀྱི་འདུག དེ་འདྲའི་གནས་ཚུལ་མང་པོ་བྱུང་ན་གཞོན་སྐྱེས་ནང་བོད་པའི་སྐད་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་མང་པོ་ཡོང་རྒྱུ་རེད་བསམ་གྱི་འདུག་པས་དེ་ནི་དམིགས་ཡུལ་གཅིག་རེད།
དྲི་བ། བཙན་བྱོལ་ནང་གཞས་པ་མང་པོ་ཞིག་གིས་གཞས་ཀྱི་གདངས་དང་ཚིག་སོ་སོས་བརྩམས་པ་ལས་གཞས་ཀྱི་རོལ་ཆ་དེ་གཞས་བཟོ་སྐྲུན་ཁང་ནས་ཉོས་ཏེ་ཟེར་སྡེར་བཟོ་ཡི་ཡོད་པ་རེད། ཁྱེད་རང་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་འགྲོ་སྟངས་དེའི་ཐོག་བསམ་ཚུལ་གང་ཡོད།
ལན། དེ་ཁག་མི་འདུག་བསམ་གྱི་ཡོད། གང་ཡིན་ཟེར་ན་རོལ་དབྱངས་ཚོགས་པ་ཞིག་བཙུགས་པ་ཡིན་ན་དཀའ་ངལ་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་རེད། གལ་སྲིད་རོལ་ཆ་ལ་བརྟེན་མི་དགོས་པར་གཞས་པ་གཅིག་པུ་ཡིན་ན་དེ་ལ་དཀའ་ལས་དེ་ཙམ་མེད་པ་མ་ཟད། གཞས་གཏོང་རྒྱུའི་གོ་སྐབས་མང་པོ་ཡོད་པ་རེད། ང་ཚོའི་མེ་ལོང་རོལ་ཚོགས་ལ་མཚོན་ན་རྔ་རྡུང་མཁན་དེ་དབྱིན་ཇི་ཞིག་རེད། བོད་པའི་ནང་རྔ་རྡུང་ཤེས་མཁན་མང་པོ་ཡོད་ཀྱང་ཚད་གཞི་ཞིག་ལ་བསམ་དུས་མ་འདངས་པས་བོད་པ་རྔ་རྡུང་ཐུབ་མཁན་མ་རག་པ་རེད། སྒྱུ་རྩལ་པའི་ནང་གཞས་ཀྱི་རོལ་དབྱངས་དེ་གཞན་ལ་བརྟེན་ནས་བཟོ་མཁན་ཁག་གཅིག་ཡག་པོ་ཞེ་དྲག་ཡོང་གི་འདུག་བསམ་གྱི་ཡོད། དཔེར་ན་གཞས་པ་ཕུར་བུ་ཊི་རྣམ་རྒྱལ་ལྟ་བུ་ལ་མཚོན་ན་ཧང་སང་བའི་ཡག་པོ་བྱེད་ཐུབ་ཀྱི་འདུག་བསམ་གྱི་འདུག ཧ་ལམ་ལོ་རེར་ཟེར་སྡེར་རེ་འདོན་ཐུབ་པ་དེ་འདྲ་བྱེད་ཐུབ་ཀྱི་ཡོད་པ་རེད། ཕྱི་རྒྱལ་གྱི་རོལ་ཚོགས་དེ་ཚོས་ཟེར་སྡེར་ཞིག་འདོན་པ་ལ་ལོ་གསུམ་དང་བཞིའི་དུས་ཚོད་དགོས་ཀྱི་ཡོད་པ་རེད། ང་ཚོ་བོད་པའི་གཞས་པ་ཚོས་ལོ་གཅིག་ནང་དུ་ཟེར་སྡེར་གཅིག་འདོན་ཐུབ་པ་དེ་ཡང་སྒྱུ་རྩལ་ཞིག་རེད་བསམ་གྱི་འདུག
སྤྱིར་བཏང་ནས་ངས་གཞས་པ་དང་སྒྱུ་རྩལ་པ་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དཔེར་ན་གཞས་པ་ཞིག་གིས་གཞས་གཅིག་གི་རོལ་ཆ་དང་དབྱངས་དེ་བརྩམས་མེད་པ་ཡིན་ན་ཡང་གལ་སྲིད་གཞས་ཚིག་དེ་ཁོང་རང་གི་བྲིས་པ་ཡིན་ན་དེ་ཡང་སྒྱུ་རྩལ་ཞིག་རེད་བསམ་གྱི་འདུག ཡིན་ན་ཡང་ང་རང་ལ་ཆ་མཚོན་ན་གཞས་གཅིག་གི་རོལ་དབྱངས་དེ་སོ་སོས་མ་བརྩམས་པར་གཞན་ཞིག་གི་སར་ནས་ཉོས་པ་དེ་འདྲ་བྱེད་ཐུབ་ས་མ་རེད། སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་རང་གི་རྩལ་དེ་བཏོན་ནས་གཞས་འདོན་ཐུབ་རྒྱུ་གལ་ཆེན་པོར་བརྩི་ཡི་ཡོད།
དྲི་བ།  མེ་ལོང་རོལ་དབྱངས་ཚོགས་པར་མ་འོངས་པའི་ཆར་གཞི་གང་ཡོད་དམ།
ལན། ད་ལྟའི་ཆར་རྒྱ་གར་དང་། བལ་ཡུལ།  ཁེ་ན་ཌ། ཡུ་རོབ་བཅས་སུ་གཞས་གཏོང་སར་འགྲོ་འཆར་ཡོད། སྤྱིར་བཏང་གཞས་གཏོང་བར་ཡོང་རོགས་ཞེས་འབོད་མཁན་འདུག་ཀྱང་ད་ལྟའི་ཆར་འགྲོ་གྲོན་གྱི་དཀའ་ངལ་འཕྲད་ཀྱི་འདུག ང་ཚོའི་ངོས་ནས་དེའི་ཐོག་ཐབས་ཤེས་བྱེད་བཞིན་ཡོད། བྱུང་ན་༢༠༡༢ ལོར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དུས་རྒྱུན་གཞས་གསར་པ་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཡིན་ཡང་ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་གཉིས་ལ་གཞས་གཏོང་དུ་འགྲོ་རྒྱུ་གལ་ཆེ་ཤོས་ལ་རྩི་ཡི་ཡོད། ལམ་གྲོན་གྱི་དཀའ་ངལ་ཡོད་པ་ལས། ང་ཚོ་གཞས་གཏོང་རྒྱུ་དེ་སྒོར་མོ་གསོག་ཆེད་དུ་མ་རེད། གཙོ་བོ་རང་གི་རིག་གཞུང་དང་བོད་པའི་གནད་དོན་དེ་ཁྱབ་སྤེལ་བྱ་རྒྱུ་དེ་རེད། དེར་བརྟེན། ལམ་གྲོན་ལ་རོགས་པ་བྱེད་མཁན་བྱུང་ན་ཕན་ཐོགས་ཆེན་པོ་རེད།
དྲི་བ། ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་རབས་ལོ་རྒྱུས་ནང་དུ་གཞས་བརྒྱུད་ནས་འཐབ་རྩོད་ཐོག་ལ་ཐབས་ལམ་ཞིག་བཙལ་བ་བྱུང་ཡོད། བོད་པའི་འཐབ་རྩོད་ལ་གཞས་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་མཐོང་གི་ཡོད་དམ།
ལན། དེ་ཞེ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་བཏང་འཐབ་རྩོད་ཀྱི་ལོ་རྒྱུས་གང་འདྲ་ཞིག་ལ་བལྟས་པ་ཡིན་ན་སྒྱུ་རྩལ་གྱི་ཐོག་ནས་ཐབས་ལམ་བཙལ་བ་མང་པོ་ཞེ་དྲག་རེད། ང་ཚོའི་བོད་པའི་འཐབ་རྩོད་ལ་ཆ་བཞག་ན་གཞས་དང་སྒྱུ་རྩལ་གྱི་ཐོག་ནས་མི་མང་གི་གནད་དོན་བཤད་ཐུབ་པ་བྱ་རྒྱུ་ཞེ་དྲག་གི་གལ་ཆེན་པོ་མཐོང་གི་འདུག བོད་ནས་ཐོན་པའི་གཞས་ཁ་ཤས་ལ་བལྟས་ན་གཞས་ཚིག་ནང་མི་རིགས་ཀྱི་ལ་རྒྱ་དང་ཆིག་སྒྲིལ་སོགས་དགོས་པ་བསྐོར་ནས་གོ་རྒྱུ་ཡོད་པ་མང་པོ་འདུག ང་ཚོ་རང་དབང་ལུང་པའི་གནས་སྟངས་ལ་བལྟས་ན་ཏོག་ཙམ་ཁྱད་མཚར་མཐོང་གི་འདུག ང་ཚོ་བོད་པ་མང་པོ་ཞིག་ཁ་འཐོར་ནས་བསྡད་ཡོད་པ་རེད། མི་ཚེའི་ནང་ལས་ཀ་གལ་ཆེ་ཆུང་རྩི་སྟངས་ལ་བལྟས་ན། སྒྱུ་རྩལ་གྱི་རིགས་ལ་དོ་སྣང་དེ་སྐྱོ་པོ་རེད། མང་པོ་ཞིག་གི་གཞས་ལབ་དུས་སྣང་བ་སྐྱིད་པོ་བྱེད་རྒྱུ་གཅིག་པུ་ཡིན་པ་ལྟ་བུའི་ལྟ་སྟངས་འདུག དེ་དྲ་ཡིན་དུས་གཞས་ཀྱི་ནང་དོན་དེ་བོད་པའི་མི་རིགས་དང་འཐབ་རྩོད་ལ་འབྲེལ་བ་ཡོད་ཀྱང་། དངོས་གནས་ཕན་ཐོགས་མེད་པ་འདྲ་ཆགས་ཀྱི་འདུག མང་པོ་ཞིག་གིས་གཞས་དང་སྒྱུ་རྩལ་ལ་དོ་སྣང་གཅིག་ཀྱང་མེད་ཟེར་མཁན་ཡང་འདུག ཕྱིས་སུ་གཞོན་སྐྱེས་མང་པོ་ཞིག་གི་བོད་དོན་དང་འབྲེལ་བའི་དེང་དུས་ཀྱི་གཞས་དེ་འདྲ་གཏོང་གི་འདུག ང་ཚོའི་འཐབ་རྩོད་དེར་སྐད་འབོད་གཅིག་པུ་བརྒྱབ་ནས་གྲུབ་འབྲས་ཐོན་རྒྱུ་མེད་པ་དང་། ཐབས་ལམ་འདྲ་མིན་འཚོལ་དགོས་པ་རེད། དེ་འདྲ་ཡིན་དུས་སྒྱུ་རྩལ་དེ་གཅིག་ཆགས་ཡོད་པ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན། སྒྱུ་རྩལ་གྱི་ལམ་ནས་བོད་པའི་གནད་དོན་ཁྱབ་སྤེལ་བྱ་རྒྱུ་ཟེར་བ་དེ་ད་དུང་དུས་ཡུན་གང་ཙམ་འགྲོ་དགོས་ཀྱི་རེད་བསམ་པ་ཞིག་འདུག ཡིན་ཡང་ག་ལེར་ག་ལེར་འགྲིག་འགྲོ་ཡི་རེད་བསམ་གྱི་འདུག
དྲི་བ། བོད་པའི་སྤྱི་ཚོགས་ནང་དུ་དེང་དུས་རོལ་དབྱངས་ཤེས་མཁན་མང་པོ་ཡོད་ཀྱང་དེའི་སྐོར་ལ་ཆེད་སྦྱོང་གནང་མྱོང་བ་ཉུང་ཉུང་རེད། ཁྱེད་རང་གི་དེང་དུས་རོལ་དབྱངས་ཐོག་ཆེད་སྦྱོད་བྱས་པ་དེས་གཞས་ཀྱི་སྒྱུ་རྩལ་ལ་ག་ཚོད་ཕན་ཐོགས་བྱུང་སོང་ངམ།
ལན། ངའི་སློབ་སྦྱོང་དེའི་མིང་ལ་Music Industry Studies ཟེར་གྱི་ཡོད་པ་རེད། དེའི་ནང་དེང་དུས་རོལ་ཆ་ཁག་འདྲ་མིན་དཀྲོལ་སྟངས་ཀྱི་སྐོར་དང་། རོལ་ཆ་དང་སྐད་ཀྱི་སྒྲ་འཇུག་བྱེད་སྟངས་ཀྱི་དབྱེ་བ། དེ་ནས་གཞས་དང་ཟེར་སྡེར་རྣམས་ཚོང་འགྲེམས་བྱེད་སྟངས་དང་གཞས་འཁྲབ་སྟོན་བྱེད་སྟངས་བཅས་ཀྱི་སྐོར་སློབ་སྦྱོང་བྱས་པ་ཡིན། ང་སྔོན་མ་བལ་ཡུལ་དུ་སྡོད་སྐབས་ངས་གཞོན་སྐྱེས་མང་ཆེ་བ་ནང་བཞིན་དུས་རྒྱུན་ཚང་མའི་ཉན་སྡོད་ས་གཞས་པ་ཁ་ཤས་ཀྱི་གཞས་རྐྱང་རྐྱང་ཉན་གྱི་ཡོད་པ་རེད། ཕྱིས་སུ་དེང་དུས་རོལ་དབྱངས་སྐོར་སློབ་སྦྱོང་བྱས་རྗེས། ངའི་དེང་དུས་རོལ་དབྱངས་ཀྱི་སྐད་ཡིག་དང་དེའི་སྐོར་གསར་པ་ཞེ་དྲག་མང་པོ་ཤེས་སོང་། གཉིས་པ་དེ་དེང་དུས་ཀྱི་གཞས་ལ་ཆ་མཚོན་ན་དབྱེ་བ་འདྲ་མིན་ཡོད་པ་དེ་ཚོ་མང་པོ་ཞིག་ཤེས་སོང་། གཞས་རྩོམ་པའི་སྐབས་སུ་བེད་སྤྱོད་བྱེད་རྒྱུ་ཡོང་གི་འདུག ཕན་ཐོགས་ཆེ་ཤོས་དེ་ག་རེ་བྱུང་སོང་ཟེར་ན་ང་ཚོ་རོལ་དབྱངས་ཚོགས་པ་ཞིག་ཡིན་དུས་གཞས་སྣ་འདོན་སྐབས་གཞས་དང་རོལ་ཆ་ཚང་དངོས་སུ་འདོན་དགོས་པ་རེད། དེ་འདྲ་ཡིན་དུས་ཁ་ཐུག་ཁ་ཐུག་རོལ་ཆེའི་ཐོག་ནས་མང་པོ་བྱེད་རྒྱུ་ཡོད་པ་རེད། དེ་ཚོ་ངས་སློབ་སྦྱོང་བྱེད་པ་དེའི་ཕན་ཐོགས་ཡོང་གི་འདུག་བསམ་གྱི་འདུག།།
བང་ཆེན་དྲ་བ།།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།