དེང་རབས་བོད་ཀྱི་གླུ་གཞས་ཐད་མྱོང་བ་འགའ་བརྗོད་པ།
 
རྩོམ་པ་པོ་བདའ་ཚང་།
 
ཐོག་མའི་གླེང་གཞི།
 
   དེང་རབས་བོད་ཀྱི་གླུ་བ་གླུ་མ་དག་ནི་ཆར་རྗེས་སུ་ཤ་མོ་བརྡོལ་བ་ཇི་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་གིན་ཡོད་པ་ནི་དོན་ངོ་མའི་སྟེང་ནས་དགའ་འོས་པ་ཞིག་ཡིན་མོད།འོན་ཀྱང་དེ་དག་མང་ཆེ་བའི་ཚིག་དང་དབྱངས་རྟ་འཁྲབ་རྩལ་སོགས་ཀྱི་ཐད་ན།མིག་གཡས་བྱ་ར་རྣ་གཡོན་འོན་པའི་ཚུལ་དུ་མཆིས་པ་རྣམས་ཕན་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་གིས་རྩོམ་ཡིག་འདི་འབྲི་འདུན་སྐྱེས་པ་ཡིན།
ཚིག་གི་ཆ་ནས་གླེང་བ།
 
  སྤྱིར་མིའི་བསམ་པའི་གཡོ་བ་ལ་མཐའ་དབེན་པ་ནང་བཞིན་ངག་གི་བརྗོད་པ་སྣ་ཚོགས་ལའང་མུ་མཐའ་མེད་ཀྱང་།ང་ཚོས་དོན་སྙིང་དང་ལྡན་པའི་བརྗོད་བྱ་དང་རྗོད་བྱེད་ལ་འཚོལ་སྙེག་བྱེད་འོས།དེ་བས་གླུ་དབྱངས་དང་རྡུང་ལེན་གྱི་གླུ་ཚིག་གི་ཕྱོགས་ནས་གོང་དང་གཅིག་མཚུངས་ཡིན་ནོ།།
ཐོག་མར་གླུ་ཚིག་ཅིག་རྩོམ་དགོས་ཚེ་དེ་ལ་ངེས་པར་དུ་སུམ་རྟགས་དག་གསུམ་གྱི་ཕྱོགས་སུ་བློ་རྩེ་མ་རྨོངས་པའི་རྨང་གཞིའི་ཐོག་གང་བརྗོད་པའི་སྐབས་བྱུང་གི་ཚོར་བའི་རམ་འདེགས་ལ་བརྟེན་ནས་གང་འབྲི་བའི་གླུ་ཚིག་གི་དོན་གྱི་གོ་རིམ་མ་འཆོལ་ཞིང་མཚོན་དོན་གྱི་ངོ་བོ་མ་འཁྲུག་པའི་ངང་ནས་ཚིག་གི་སྡེབ་སྦྱོར་གྱི་འཇམ་རྩུབ་ལ་རྩོམ་པ་པོ་རང་རང་གི་རྩོམ་གཤིས་དང་ངང་རྒྱུད་ལས་བྱུང་བའི་དྲག་ཤུལ་དང་ཞི་འཇམ་གྱི་རྣམ་འགྱུར་ཚེ།དབྱངས་མཁན་གྱིསམཐོང་མ་ཐག་ནས་དགའ་སྡུག་གི་ཉམས་སྣང་གང་ཞིག་གིས་གླུ་ཚིག་དེ་ངག་ལ་དྲངས་ན་འོས་མིན་གྱི་སྐོར་ལྷན་ནེ་ལྷིང་ངེ་ཡིད་ལ་འཁོར་སྲིད།དེ་མིན་དོན་གྱི་འབབ་བདེ་འཇམ་འཇམ་གྱི་གཤིན་ས་ལྟ་བུ་ཞིག་ལ་ཚིག་གི་རྟ་གཡག་མཛོ་དྲེལ་ལ་ཁལ་བཀལ་བ་ནང་བཞིན་ཚ་ཚ་འུར་འུར་གྱིས་ཁེངས་ཚེ།དེ་ནི་ཨར་མོ་ཞིག་གིས་བོད་ལྭ་གྱོན་པ་ནང་བཞིན་ཤིན་ཏུ་ནས་ཀྱང་བབ་ཆགས་ཤིག་ཡོང་ཐབས་བྲལ་བས།ཚིག་དོན་གཉིས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་དགོས་སོ།།
དེའི་ཕྱིར་འདི་ནས་གླུ་ཚིག་འགའ་ཞིག་དཔེར་བརྗོད་དུ་དྲངས་ཚེ།སྨན་བླས་བརྩམས་པའི་གཞས་ཚིག་ཨ་ཅེ་འབྲོག་མོ་ལྟ་བུ་ནི་འབྲོག་མོ་ཞིག་གི་ཡ་ཆུང་ཁོག་གི་གསང་བ་དང་སྨྲེང་བའི་སེམས་ཚོར་མཐའ་དག་ན་བུན་དང་འཇའ་ཚོན་ལྟ་བུའི་རྟོག་བཏགས་ཀྱི་རི་མོ་ཞིག་བྲིས་པ་ལྟར་མི་སྣང་བར་གཉོམ་དུང་དུང་གི་ཚིག་འགྲོས་ལས་དོན་གྱི་གཏིང་རུམ་ཏུ་ཕྱིན་ནས་བབ་ཆགས་ཀྱི་འབྲོག་མོ་ཚོའི་ངང་རྒྱུད་དང་འདྲེས་ཡོད་པས་ང་ཚོ་ཉན་མཁན་དག་སྐོམ་གདུང་གིས་མནར་བའི་རི་དྭགས་ཤིག་ཡིན་ཚེ་གཞས་ཚིག་འདི་ནི་ལྷུང་ལྷུང་གིས་བབས་ཡོང་བའི་རྫ་ཆུ་དྭངས་མོ་ཞིག་ཅི་ལ་མིན།
  དེ་མིན་སྙན་ངག་པ་འབྲོང་གིས་བརྩམས་པའི་གཞས་ཚིག་སེམས་ཀྱི་ལོག་ཕེབས་ལྟ་བུར་མཚོན་ན།ཚིག་གི་སྦྱོར་བ་ལ་སྙན་བརྗིད་ཀྱི་རྣམ་འགྱུར་རང་ཤུགས་སུ་འཛོམས་ནས་ཡོད་པ་མ་ཟད།དོན་གྱི་མཚོན་སྟངས་ལ་ཡང་དཔའ་མཛངས་རྟུལ་ཕོད་ཀྱི་མི་རིགས་ཤིག་གི་གདུང་རྒྱུད་ལས་མཆེད་པའི་སྣོད་བཅུད་ཀྱི་བཀོད་པ་དག་གངས་རི་དང་རྩྭ་ཐང་སོགས་བོད་མའི་རང་གཤིས་དང་བློ་སྤོབས་མཚོན་ཐུབ་པ་འགའ་ཞིག་གི་སྲད་བུར་བརྒྱུས་ནས་བརྗིད་ཆགས་པའི་འགྲོས་དང་བསྟུན་ཡོད་པས།རང་ཚོས་ནམ་ཡང་གླུ་ཚིག་འདི་ལས་རང་གི་མི་རིགས་བརྗེད་མི་སྲིད་ཅིང་།གླུ་ཚིག་འདི་ལས་རྩམ་པ་དང་ཆུར་བའི་དྲི་ཞིམ་འབོར་མི་སྲིད་པའི་ངེས་ཤེས་རྙེད་ཡོང་ངོ།།
  དེ་མིན་གཞན་ད་དུང་གཞས་ཚིག་ཕྱོགས་ནས་འཇོན་ཐང་མངའ་བའི་རྩོམ་པ་པོ་པདྨ་ཚེ་བརྟན་གྱི་ལུག་རྫི་བུ་མོ་དང་།བློ་བཟང་རིན་ཆེན་གྱི་ལུག་རྫི་བུ་མོ་ལྟ་བུ།སོགས་མང་པོ་ཞིག་འདིར་གླེང་ན་འོས་མོད་མངས་སུ་དོགས་ནས་མ་སྤྲོས་སོ།།
  མདོར་ན།གླུ་ཚིག་གིས་གང་ཞིག་མཚོན་དགོས་ན་དེ་ཉིད་མངོན་ལྐོག་གང་རུང་ནས་ཧུར་གྱིས་མཚོན་ཐུབ་པ་ཞིག་དགོས་ལ།དགའ་སྡུག་གང་དང་གང་མཚོན་རུང་དེ་དང་དེ་ནི་དེའི་སྡོངས་གྲོགས་སུ་འགྱུར་དགོས་སོ།།
དབྱངས་ཀྱི་ཆ་ནས་གླེང་བ།
 
  དབྱངས་ནི་གླུ་དང་གཞས་སོགས་ལ་མཚོན་ན་ཉན་མཁན་གྱི་རྣ་དབང་འཕྲོག་ཐུབ་མིན་ལ་ཐད་ཀར་རག་ལས་ཕྱིར།དབྱངས་ཀྱི་བླ་སྲོག་ལ་གཅེས་པ་ནིཤིན་ཏུ་ནས་ཀྱང་དགོས་ཆེའོ།།
གཞས་ཚིག་ལ་ཚིག་དོན་ཟུང་གི་ངོས་ནས་ཡིད་ཕངས་པའི་གནས་ཤིག་མེད་ན་ཡང་།དབྱངས་ཀྱི་རམ་འདེགས་རྟུལ་ཞིང་གཡེལ་ཚེ།གཞས་དེ་དང་ཁྱད་པར་དུ་གཞས་ཚིག་དེའི་རིན་ཐང་ལ་གནོད་པ་ཚབས་ཆེན་བཟོས་པ་རེད།དབྱངས་ཀྱི་རམ་འདེགས་དེ་གང་ལ་གང་འཚམ་གྱི་རང་གཤིས་ལྡན་ཚེ།ཚིག་གི་ཆ་རུ་སྐྱོན་རེ་འགའ་བདོག་ཀྱང་དབྱངས་ཀྱི་ནུས་པས་ལྡོག་པ་ཡོད་དོ།།
  གླུ་ཚིག་རྩོམ་པ་ནི་སྔོན་འགྲོའི་བྱ་བ་ཞིག་དང་དབྱངས་རྩོམ་པ་ནི་རྗེས་ཀྱི་ལས་ཀ་ཞིག་ཡིན་ལ།ཚིག་དེའི་བརྗོད་བྱ་དགའ་ཁྲོ་དང་སྡུག་སྐྱོ་གང་ཡིན་པ་དེ་དང་རྟེན་བྱུང་འབྲེལ་གྱི་སྒོ་ནས་དབྱངས་རྩོམ་དགོས།ལ་ལ་ཞིག་གིས་དབྱངས་བརྩམས་པའི་རྗེས་སུ་ད་བཟོད་གླུ་ཚིག་དེ་འོས་ཤིག་ཅེས་སྨྲ་མཁན་ཡོད་པ་ནི་མུན་ནག་གི་ཁྲོད་དུ་ལག་སྙོབ་བྱས་དང་སྒོ་ཀུན་ནས་མི་མཚུངས་ས་ཅི་ཞིག་ཡོད་དམ།
  དབྱངས་རྩོམ་མཁན་གྱི་ཕྱོགས་ནས་ཆོས་རྒྱ་མཚོ་དང་འཇམ་བྷེ་སོགས་ལ་འཇོན་ཐང་ཆེ་བ་མ་ཟད།ཁོ་ཚོས་གཞས་ཚིག་གང་དེ་ལ་དེ་འཚམ་གྱི་དབྱངས་འགྲོས་བརྩམས་ཡོད་པ་ནི་ང་ཚོས་མིག་མཐོང་ལག་ཟིན་རེད།དཔེར་ན།ཨ་ཅེ་འབྲོག་མོའི་དབྱངས་རྟ་ལ་ཚིག་དེའི་ལྷོད་ཤ་དང་བབ་ཆགས་པའི་མཛེས་ཉམས་ལ་ལྟོས་ཏེ་དབྱངས་ཀྱི་འགྲོས་དེ་ཡང་ལྷུང་ལྷུང་གི་ཆུ་ཕྲན་ཞིག་ལྟར་ཞི་འཇམ་མམ་སོས་དལ་གྱིས་ཉན་པ་པོའི་སེམས་ཁོང་དུ་བཞུར་ཡོང་ངོ་།།དེ་དང་དེས་མཚོན་པའི་མང་པོ་ཞིག་འདིར་གླེང་སྤྲོ་ཡང་གླེང་མཁན་གྱི་སྒྱུད་ལུག་གིས་རེ་ཞིག་བཏང་སྙོམས་སུ་བཞག་པའོ།།
  སྐད་མདོར་དྲིལ་ནས་བཤད་ན་དབྱངས་ནི་གཙང་བོའི་རླབས་རྒྱུན་ལྟར་འཕྱོ་བ་ཡོད།རི་གཟར་རྦབ་ཆུ་བཞིན་སྐྱེན་པ་ཡོད།དབྱངས་ལས་མིག་ཆུའི་ཁ་དོག་རྙེད་ཐུབ་ཅིང་།དབྱངས་ལས་དགོད་པའི་རང་སྒྲ་གྱེར་ཐུབ།
        ཉམས་འགྱུར་གྱི་ཆ་ནས་གླེང་བ།
 
  སྤྱིར་ཉམས་འགྱུར་ཞེས་པའི་ཐ་སྙད་དེའི་འགྱུར་ཞེས་པ་ནི་བདེ་སྡུག་ཅི་རིགས་ཡིད་ཀྱི་ཀུན་སློང་གིས་གཡོས་ནས་ལུས་ངག་ཏུ་མ་ཤར་བའི་གནས་སྐབས་ལ་ཟེར་ཞིང་།ཉམས་ཞེས་པ་ནི་དེ་ཉིད་ལ་རང་སྟོབས་རྒྱས་ནས་དབུགས་ཀྱི་རྒྱུ་བ་ལ་ཡང་རྒྱུན་ལྡན་དང་མི་འདྲ་བར་ཞི་ཁྲོ་ཅི་རིགས་ཀྱིས་ཚུགས་ཀ་སྟེ་འཛུམ་མདངས་དང་ཁྲོ་གཉེར་སོགས་ཕྱི་ལུས་ངག་ཏུ་ཤར་བའི་རྣམ་པ་ཟེར།གླུ་བ་གླུ་མ་སུ་ཞིག་གིས་དགའ་སྡུག་ཅི་རིགས་གླུ་གཞས་གང་གང་ལེན་པའི་སྐབས་སུ་ཚིག་དང་དབྱངས་ཀྱི་མཚོན་སྟངས་ལ་བསྟུན་ཏེ་དགའ་ཁྲོ་ཅི་རིགས་ཀྱི་རྣམ་འགྱུར་ཕྱི་རུ་འཛིན་དགོས་སོ།།
  འདིར་གླུ་དབྱངས་ཁ་ཤས་ཤིག་དཔེར་དྲངས་ཏེ་ཉམས་འགྱུར་གང་འོས་ཐད་ནས་གླེང་ན།གངས་ཅན་པ་དང་སེམས་ཀྱི་ལོག་ཕེབས་ལྟ་བུའི་གླུ་གཞས་དག་སེམས་ཀྱི་གཟེངས་མཐོ་ཞིང་ང་རྒྱལ་ལྡན་པའམ་ཡང་ན་སྤོབས་པ་ཆེ་ཞིང་དཔའ་བོ་གཡུལ་དུ་བསད་ཀྱང་སྙིང་ཁྲག་གི་དྲོད་རླངས་མ་ཡལ་བ་ལྟ་བུའི་བརྗིད་འཇིགས་ཆེ་བའི་ཉམས་འགྱུར་དོད་ན་བཟང་ཞིང་།ཨ་ཅེ་འབྲོག་མོ་དང་ལུག་རྫི་བུ་མོ་ལྟ་བུར་ཞི་འཇམ་དང་མངོན་ཆུང་གི་ཉམས་འགྱུར་འོས་སོ།།
  དེ་མིན་གཞས་ཚིག་ལ་ལྟོས་བཅས་ཀྱི་སྒོ་ནས་ནང་གི་དགའ་བའི་འགྱུར་བ་ཕྱིའི་ལུས་ངག་ཏུ་ཐོན་པ་བཞིན་ལ་འཛུམ་མདངས་ཀྱིས་སྒེག་པ་ལྟ་བུ་དང་།སེམས་ཀྱི་གདུང་བ་ལུས་ངག་གིས་མངོན་དགོས་ཚེ་ངག་ལ་སྐྱོ་བའི་གདངས་ཀྱིས་འཁྱུད་ཅིང་བཞིན་མདངས་ཤོར་བ་ལྟ་བུའི་ཉམས་འགྱུར་མངོན་པ་སོགས་མདོར་ན་སེམས་བྱུང་ཅི་རིགས་ལུས་ངག་གིས་མངོན་དགོས་པ་དེའོ།།
མཇུག་སྒྲིལ་བ།
 
  བདག་གིས་འབྲི་ཁུལ་བགྱིས་པའི་དཔྱད་རྩོམ་འདི་ལ་ནོར་འཁྲུལ་དང་མི་འོས་ས་ཡོད་པ་མཐའ་མཁྱེན་སྤྱན་ཡངས་པའི་ཀློག་མཁན་དག་གི་གཟིགས་ངོར་དགོངས་འགལ་མེད་པར་ཞུས་པ་དང་ལྷན་ཅིག་དགོངས་འཆར་ལྷུག་པོར་སྩོལ་གནང་ཞུ། མཐར་རི་ཁ་བ་ཅན་གྱི་གླུ་གཞས་མི་ཉམས་གོང་འཕེལ་འབྱུང་སྨོན་ལམ་འདེབས།
 

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།