སྨན་བླ་སྐྱབས་ལ་བཅར་འདྲི།



༡༽ ཁྱོད་ཀྱིས་རང་ཉིད་ཐོག་མར་སྒྱུ་རྩལ་གྱི་ལས་ལ་ཇི་ལྟར་ཞུགས་པ་ལས་འཕྲོས་ཏེ་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས་གནང༌།
སྨན་བླ་སྐྱབས། ངའི་སྐྱེས་མིང་ལ་སྨན་བླ་སྐྱབས་དང༌། སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དམ་འབར་རྡེའུ་ཟེར་གྱི་ཡོད། འབར་རྡེའུ་ནི་ང་རང་ཆུང་དུས་ཀྱི་གཅེས་མིང་ཡང་ཡིན། ང་ཨ་མདོ་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ཡི་འཇག་རི་སུམ་མདོའི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་ཤིང། སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་སློབ་དང༌། ཧྲང་ཧེ་ཟློས་གར་སློབ་གླིང༌།
མཚོ་སྔོན་དགེ་འོས་སློབ་ཆེན་བཅས་འགྲིམས། གློག་བརྙན་སྐད་སྦྱོར་པ་དང༌། འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གར་སྟེགས་འཁྲབ་སྟོན་པ་དང་མདོ་འཛིན་པ། སྒྲ་བརྙན་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་ཡོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་པ་ནས་བཟུང་སྟེ་ད་ལྟའི་བར་དུ། སྒྲུང་གཏམ་ཁ་ཤས་དང༌། ལྷུག་རྩོམ་དང་འབོལ་རྩོམ་བཅུ་གྲངས། སྙན་རྩོམ་བརྒྱ་ལྷག ཁ་ཤགས་སུམ་ཅུ་ཙམ། གར་ཆུང་ངམ་བཞད་གད་ཟློས་གར་འདུ་བའི་འཁྲབ་གཞུང་སུམ་ཅུ་ལྷག སྒྲ་སྙན་རྡུང་ལེན་གྱི་གླུ་ཚིག་བརྒྱ་གྲངས་དང་གླུ་དབྱངས་ཀྱི་གཞས་ཚིག་ལྔ་བཅུ་ལྷག ཁ་ཤགས་དང་གར་ཆུང་སོགས་ཆེད་བསྒྲིགས་སྒྲ་ཐག་གམ་འོད་འཁོར་བཅུ་གཅིག་ཙམ། སྙན་ངག་གི་དེབ་ཆུང་གཅིག་བཅས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ལ། དེ་མིན་རླུང་འཕྲིན་ལས་འཁྲབ་བརྗོད་བརྩམས་ཆོས་དྲུག་ཅུ་ལྷག་དང༌། གློག་བརྙན་འཕྲིན་བོད་འགྱུར་མ་སྟོང་ཕྲག་ལ་ཉེ་བ། རྩོམ་སྒྲིག་བྱས་པའི་སྒྲ་བརྙན་ཐག་དང་འོད་འཁོར་སྐོར་གཅིག་བཅས་ནི་ལྟོ་རྒྱབ་ཀྱི་དོན་དུ་མ་ལས་ན་མི་ཆོག་པའི་གཞུང་ལས་སུ་གཏོགས། གཞུང་ལས་ཀྱི་ཞོར་དུ་ད་ལྟ་ད་དུང་སྙན་ངག་དང་འབོལ་རྩོམ། བཞད་གད་ཟློས་གར། གཞས་ཚིག་བཅས་གསར་རྩོམ་གྱི་རྒྱུན་སྐྱོང་གིན་པའི་ཁུལ་ཡིན། འོ། རེད། ང་གནས་སྐབས་སུ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་གློག་བརྙན་འཕྲིན་བོད་འགྱུར་མ་དག་བཤེར་གྱི་ལས་སྒོ་ན་ཡོད། ང་རང་དང་ཐོག་ལས་ཁུངས་འདིའི་གློག་བརྙན་སྐད་སྦྱོར་པ་ཞིག་ཏུ་གྱུར་པ་དང་དེ་ནས་བཟུང་སྟེ་ངའི་སྒྱུ་རྩལ་དང་རྩོམ་རིག་གི་ལས་ཀ་མགོ་ཚུགས་སོང༌།
༢༽ ཁྱོད་རང་དང་པོ་ཁ་ཤགས་བཤད་རྒྱུའི་གོ་སྐབས་གང་ནས་རག་པ་དང་ཁ་ཤགས་ཅི་ཞིག་བཤད་པ་ཡིན།
སྨན་བླ་སྐྱབས། ཁ་ཤགས་ཐོག་མ་དེ་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་བཤད་པ་ཡིན། དེ་དུས་བོད་ལ་བརྙན་འཕྲིན་སོགས་བརྒྱུད་ལམ་གཞན་དག་ཡོད་པ་མ་རེད་ལ་རླུང་འཕྲིན་གྱི་དགོང་ཚོགས་ལ་ཞུགས་མཁན་ཡང་ལས་ཁུངས་ནང་གི་ལས་སྣ་རྐྱང་རྐྱང་ཡིན། སྐབས་དེར་ངའི་དགེ་རྒན་རྡོ་རྗེ་རིན་ཆེན་ལགས་ནི་སྒྲུང་གཏམ་རྩོམ་པ་པོ་ཙམ་དུ་མ་ཟད། ཁོང་ནས་སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་མཉམ་དུ་ཁ་ཤགས་ཀྱང་འགའ་རེ་བཤད་མྱོང་ཡོད་འདུག དཔལ་དོན་གྲུབ་རྒྱལ་མཆོག་ནས་བརྩམས་ཤིང་ཁོང་རྣམ་པ་གཉིས་ཀས་བཤད་པའི་ཁ་ཤགས<བོད་ཀྱི་གཏམ་དཔེ>སོགས་དང༌། སྒྲུང་གཏམ་འཁྲབ་རྗོད་པ་གྲགས་ཅན་ཆོས་མོ་མཚོ་ལགས་ནས་འཁྲབ་བརྗོད་གནངས་པའི་སྒྲུང་རིང་འགས་ང་ལ་སློབ་གྲྭ་མ་ཐོན་གོང་ནས་བག་ཆགས་ཟབ་མོ་བཞག་ཡོད་སྟབས། ངས་རྒན་ལགས་ཀྱི་བཀའ་བཟློག་མ་ནུས་པར་བྲིས་པའི་ཁ་ཤགས་ཐོག་མ་དེའི་མིང་ལ<སྒྱུ་རྩལ་པ>ཟེར་གྱི་ཡོད་ལ་རྒན་ཆོས་མོ་མཚོ་ལགས་ནས་གདེང་འཇོག་མི་དམན་པ་གནངས་སོང༌། དེ་ལྟར་ཁོང་ཚོས་ང་རང་ལམ་ཁ་དེར་བཙན་གྱིས་བརྫངས་སོང༌། རིམ་བཞིན་ངའི་བརྩམས་ཆོས་ཡིན་ནོ་ལོ་དེའི་ཁ་བྱང་ནི་ང་རང་གི་ཚབ་མིང་དང་ཆོ་ལོ་གཉིས་ཀར་གྱུར་སོང་བ་རེད་བཞག
༣༽ ཁ་ཤགས་བཤད་མཁན་ཞིག་ལ་མཚོན་ན་ཁ་ཤགས་བརྩམས་ཆོས་ཡག་པོ་ཞིག་རེག་རྒྱུ་ནི་གལ་ཆེན་པོ་ཡིན་རྒྱུ་རེད། ཁྱོད་ལ་མཚོན་ན་ཁ་ཤགས་བརྩམས་ཆོས་མ་རེག་པའི་དཀའ་ངལ་ཡོད་དམ། ད་དུང་ཁ་ཤགས་བཤད་གྲོགས།
སྨན་བླ་སྐྱབས། ངའི་ཁ་ཤགས་དང་གར་ཆུང་ཕལ་ཆེ་བ་ང་རང་གིས་བྲིས་པ་ཤ་སྟག་ཡིན། དང་ཐོག་མི་གཞན་དང་མཉམ་འབྲེལ་གྱིས་བྲིས་པའི་ཁ་ཤགས་གཅིག་གཉིས་རེ་ཡོད་ཀྱང༌། རྒྱ་ནག་དང་ལྷ་སའི་ཁ་ཤགས་བཤད་མཁན་ཚོ་ལྟར་རྩོམ་མཁན་དང་བཤད་མཁན་སོ་སོ་མ་ཡིན་པ་འདི་ཅུང་དམིགས་བསལ་ཡིན་གྱི་རེད་སྙམ། དེའི་ཕྱིར་ཁ་ཤགས་བརྩམས་ཆོས་རེག་དང་མ་རེག་གི་སྐད་ཆར་ལན་གདབ་རྒྱུ་མི་འདུག འོན་ཀྱང་ཁ་ཤགས་དང་གར་ཆུང་བཤད་གྲོགས་དང་འཁྲབ་རོགས་ཀྱི་ཐད་ནས་ནམ་རྒྱུན་དཀའ་ངལ་ཡོང་གི་རེད། སྐབས་འགར་གསར་རྙེད་འཁྲབ་སྟོན་པའི་ལྷན་སྐྱེས་ཀྱི་ཆ་རྐྱེན་དང་བསྟུན་ནས་འཁྲབ་གཞུང་འབྲི་དགོས་འབྱུང་བའི་དུས་ཀྱང་ཐེངས་མང་པོ་བྱུང་སོང༌།
༤༽ རྟ་རྫི་ཞེས་པའི་ཁ་ཤགས་བཞད་གར་དེའི་རྒྱབ་ལྗོངས་བཤད་ན་འགྲིག་གམ།
སྨན་བླ་སྐྱབས། གསལ་བཤད་ཞུ་དགོས་པ་ཞིག་ལ། 《གེ་སར་རྟ་རྫི》སོགས་ནི་གར་ཆུང་ངམ་བཞད་གད་ཟློས་གར་ཡིན་པ་ལས་ཁ་ཤགས་མིན། དེ་གཉིས་རྩ་བའི་ཆ་ནས་གཏམ་གྱི་སྒྱུ་རྩལ་ཡིན་པ་དང༌། བཞད་གད་ཀྱི་སྒྱུ་རྩལ་ཡིན་པ་དང༌། ཟུར་ཟའི་སྒྱུ་རྩལ་ཡིན་པ་འདྲ་སའམ་ཉེ་ས་ཡོད་ན་ཡང༌། སྒྱུ་རྩལ་གྱི་རྣམ་པའི་ཆ་ནས་སོ་སོའི་མཚོན་སྟངས་ཀྱི་ལྗིད་ཤུགས་འགེལ་ས་ཐ་དད་པར་མ་ཟད། ནང་དོན་གྱི་ཆ་ནས་བསྡུས་བརྗོད་ཀྱི་ཤོང་ཚད་ཀྱང་བསྡུར་ཐབས་ཡོད་པ་མ་རེད། སྒྱུ་རྩལ་གྱི་རྣམ་པའི་འབྱུང་ཡུལ་དང་ཁུངས་གཏུགས་ས་ཡང་ཤར་དང་ནུབ་རེད། དེའི་ཕྱིར། ངས་བོད་རང་གི་ཁ་ཤགས་ཟེར་བའི་རང་སྐྱ་ཐུབ་ཙམ་ཞིག་རྣམ་པ་རྐྱང་བཤད་ནས་ཚོགས་བཤད་ཀྱི་བར་དུ་ལག་ལེན་བྱས་ཚར་བའི་མུར་རང་དང་རང་གི་རིགས་ཀྱི་གནས་བབ་སྒྱུ་རྩལ་གྱིས་མཚོན་པར་གར་ཆུང་ཞེས་པའི་རྣམ་པ་འདི་ལས་འཚམ་པ་ཞིག་རྙེད་མ་སོང༌།《གེ་སར་རྟ་རྫི》 ཡི་ལེའུ་ཡང་དེ་ལས་མ་འདས། གཏམ་གྱི་གདོང་རིས་ཙམ་དེད་པས་ཀྱང་དུས་དབང་གི་ཉེར་འཚེ་དང་རིག་གནས་ཀྱི་གདོང་གཏུག རང་གཞན་གྱི་སོ་མཚམས་དང་ཆག་སྡང་གི་ས་བོན། ཡ་བྲལ་གྱི་ལྕེ་དང་མི་སེམས་ཀྱི་འོད་སོགས་དེ་ག་ཙམ་རེ་སུས་ཀྱང་མཐོང་ཆོག་ཆོག་ཡིན། གནས་སྐབས་སུ་བློ་རབ་འབྲིང་ཐ་གསུམ་པོས་རང་རང་གིས་ལོན་ཚད་རེ་བླང་ན་ཅི་དགའ། རྒྱབ་ལྗོངས་ནི་རིག་པས་དཔྱད་ན་ཤེས་སླ་པོ་ཡིན།
༥༽ རོལ་མོ་པ་དང་གྱེར་འདོན་མཁན་ཞེས་པའི་ཁ་ཤགས་བཞད་གར་དེའི་ཁ་བྱང་དང་ཁ་ཤགས་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།
སྨན་བླ་སྐྱབས། འབྲེལ་བ་ལོས་ཡོད། སྔུར་བ་དང་ཞལ་འདོན། སྔུར་བ་འཐེན་པ་དེ་རོལ་མོ་འཁྲོལ་བར་འདོད་མཁན་ཡོད་མི་སྲིད་ན་ཡང༌། སྔུར་བ་ནི་སྔུར་བ་རང་སྟེ་མིའི་ལུས་ཁམས་ཀྱི་མ་ཉེས་པའི་རང་བྱུང་སྣང་ཚུལ་ཞིག་ཡིན་པ་རྒན་པོས་ལོས་ཤེས། ཞལ་འདོན་སྟེ་ལྷའི་སྙན་ངག་གམ་ལྷ་ལ་སྙན་ངག་དབྱངས་སུ་གྱེར་ནས་འདོན་པ་བོད་མིའི་གོམས་སྲོལ་དུ་ཡོད་པ་གཞོན་པས་ཀྱང་ལོས་རྟོགས་མོད། ཁྱེད་ཀྱིས་གོང་དུ་དྲིས་པའི་རྒྱབ་ལྗོངས་ཟེར་བ་དེའི་དབང་གིས། རིགས་གཅིག་གམ་ཁྱིམ་གཅིག་གམ་མི་གཅིག་གམ་ལུས་གཅིག་གམ་སེམས་གཅིག་ཡིན་ཆོག་པའི་རྒན་གཞོན་འདི་གཉིས་ཕན་ཚུན་གྱི་དབུགས་དབྱུང་ལའང་སྣང་བ་སུན་པོ་བྱུང་འདུག་ཅིང༌། རེ་ཞིག་ཁྱི་ཞི་ཁ་འཛིང་གི་ཚུལ་དུ་ཕན་ཚུན་སུན་ཕྱུང་སྟེ་འདའ་དགོས་པའམ་འདུག་འོས་པ་མཇུག་ཏུའང་བསྟན་ཡོད།
༦༽ ཁྱོད་རང་ཁ་ཤགས་སྒྱུ་རྩལ་ཙམ་དུ་མ་ཟད་སྙན་ངག་པ་ཞིག་ཀྱང་རེད། རོལ་མོ་པ་དང་གྱེར་འདོན་མཁན་ཞེས་པའི་ཁ་ཤགས་བཞད་གར་དེ་ཁྱོད་ཀྱི་སྙན་ངག་དང་ཕྱོགས་མཚུས་ཀྱི་ཆ་ཞིག་འདུག དེ་གང་རེད་ཟེར་ན་གོ་དཀའ་བའི་ཆ་དེ་རེད། ཁྱོད་ལ་མཚོན་ན་དེ་འདྲ་ཞིག་རེད་དམ།
སྨན་བླ་སྐྱབས། དྲིས་ཚད་ལ་དག་སེལ་འདྲ་བོ་ཞིག་བྱས་པ་ཡིན་ན་ཡག་པོ་མི་འདུག ཕལ་ཆེར་དེ་འདྲ་ཡིན་ན་ཐང༌། འོན་ཀྱང༌། ང་རང་གི་ངོས་ནས་བལྟས་པ་ཡིན་ན། དེ་ནི་ཤིན་ཏུ་གོ་སླ་བ་ཞིག་ཡིན་མི་སྲིད་ན་ཡང་ཧ་ཅང་གོ་དཀའ་བ་ཞིག་ཀྱང་ཨེ་ཡིན་ནམ་བསམ་གྱིན་ཡོད། ཧི་ཧི་་་
ཐང་ལྷའི་རྒྱལ་སྲས་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།