འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམ།


 










 ཉེ་ཆར་མཚོ་སྔོན་བོད་སྐད་བརྙན་འཕྲིན་དང་བོད་སྐད་རླུང་འཕྲིན་གཉིས་ཀྱིས་གཙོ་སྒྲུབ་འོག   སྐུ་ཞབས་སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས་ཟི་ལིང་དུ་ཚོགས་འདུག
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་
འཕྲིན་དང་བོད་སྐད་རླུང་འཕྲིན་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་བོད་ཀྱི་གཞོན་སྐྱེས་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས། «འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམ»ཞེས་པ་དེ་ཕྱི་ཟླ ༡༡ པའི་ཚེས་ ༣ ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། བོད་ཀྱི་ཁེ་ལས་པ་དང་། སྒྱུ་རྩལ་པ། ཁོང་གི་སློབ་གྲྭ་ཆེ་མ་ཆུང་གསུམ་འགྲིམ་སྐབས་ཀྱི་དགེ་རྒན་དང་། སློབ་གྲོགས། སློབ་མ། ཡུལ་མི་སོགས་དགོང་ཚོགས་སུ་ཞུགས་ཤིང་། གླུ་མ་སྒྲོན་བྷེ་ཡི་ <<གསེར་གྱི་སྐར་ཚོམ>> ་གྱི་དབྱངས་རྟའི་ཁྲོད་ནས་དགོང་ཚོགས་ཀྱི་མགོ་བརྩམས་ཏེ། མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་ ༤༠ ལྷག་གིས་ཁོང་གི་གཞས་ཚིག་སྙན་མོ་དབྱངས་ལ་གྱེར་ཞིང་།  གླུ་མ་རིག་འཛིན་སྒྲོལ་མའི་ <<ལྷན་འཛོམས>> ཀྱི་དབྱངས་རྟའི་ཁྲོད་ནས་མཇུག་སྒྲིལ་ཡོད་འདུག
མཚོ་སྔོན་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། “ དགོང་ཚོགས་དེ་ནི་སྐུ་ཞབས་སྨན་བླ་སྐྱབས་ཀྱིས་མི་ལོ་སུམ་ཅུའི་རིང་ལ། སྒྱུ་རྩལ་གྱི་འོ་མ་བསྲུབས་པའི་མར་ལོ་ཞིག་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན་ལ། ཁོང་གིས་སྒྱུ་རྩལ་འཚོལ་སྙེག་ལས་ཐོབ་པའི་གྲུབ་འབྲས་ཁག་ཅིག་མི་ཡུལ་འདིའི་ཟས་རིན་ཙམ་དུ་ཕུལ་བའང་རེད། ཐེངས་འདིར་ཁོང་གིས་ལོ་ངོ་སུམ་ཅུའི་རིང་ལ་བྲིས་པའི་གླུ་ཚིག་དག་ངག་ལ་གྱེར་མྱོང་མཁན་གྱི་གཞས་པ་གཞས་མ་བཞི་བཅུར་ཉེ་བ་ཞིག་གདན་དྲངས་ཡོད་ལ། ཁོ་ཚོའི་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་ལྟར་སྙན་མོ་དབྱངས་ཀྱི་འགྱུར་ཁུགས་ལས་ཁོང་གི་གླུ་ཚིག་དག་ཡང་བསྐྱར་གངས་རིའི་ལྗོངས་སུ་གྲགས་པར་བྱས།” ཅེས་བཀོད་འདུག
གཞོན་སྐྱེས་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༦༣ ལོར་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་འཇག་རི་སུམ་མདོའི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་ཤིང། སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་། ཧྲང་ཧེ་ཟློས་གར་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་འགྲིམས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་གསར་རྩོམ་གྱི་ལས་སུ་ཞུགས་ཤིང༌། ད་ལྟའི་བར་དུ་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། ཁ་ཤགས། གར་ཆུང༌། གླུ་ཚིག་སོགས་ཡིག་ཐོག་བརྩམས་ཆོས་ ༣༦༠ ལྷག་སྤེལ་ཡོད་པ་མ་ཟད། ཁོང་གིས་གློག་བརྙན་སྐད་སྦྱོར་པ་དང་། འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གར་སྟེགས་འཁྲབ་སྟོན་པ་དང་མདོ་འཛིན་པ། སྒྲ་བརྙན་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་ཡོད་ལ། ཁོང་གི་པུར་མིང་ལ་གངས་བུ་དགའ་སྐྱེད་དང་འབར་རྡེའུ་ཞེས་བོད་ཁམས་ཡོངས་ལ་གྲགས་ཡོད་པ་རེད།   
སྐུ་ཞབས་སྨན་བླ་སྐྱབས་ལགས་ཀྱིས་བཀའ་དྲིན་ཞུ་ཚིག་འབུལ་བཞིན་པ། 
ནང་མི་ལྷན་དུ་གར་སྟེགས་སྟེང་འཛོམས་པ། 
གར་སྟེགས་སྟེང་གི་ཁོང་གི་ཕ་མ་གཉིས་ཀྱི་འདྲ་པར།
གཞོན་སྐྱེས་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས།
གར་སྟེགས་བརྙན་ཡོལ་ངོས་ཀྱི་སྒྱུ་རྩལ་བའི་སྐད་ཆ།
གཞོན་སྐྱེས་སྒྱུ་རྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་ཀྱི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་ཝེ་ཁི་དྲ་ཐག  http://bo.wikipedia.org/wiki/སྨན་བླ་སྐྱབས།
གཞས་ཚིག་<<གསེར་གྱི་སྐར་ཚོམ>>གྱི་དྲ་ཐག  http://www.youtube.com/watch?feature=player_embedded&v=B2yJAF73_xI#!
གཞས་ཚིག་<<ལྷན་འཛོམས་>> ཀྱི་དྲ་ཐག http://www.youtube.com/watch?v=ShPvU448FH4
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།