ཀ་བྲག་བཀྲ་དབྱངས།





ཀ་བྲག་བཀྲ་དབྱངས་ཀྱི་ཆེད་སྒྲིག་བརྙན་འཁོར།
            བཀྲ་ཤིས་ལྷ་མོའམ་ཀ་བྲག་བཀྲ་དབྱངས་སུ་འབོད་པ་ནི་རྡོག་བྲོའི་སྒྱུ་རྩལ་གྱི་ཕ་ཡུལ་དུ་གྲགས་པའི་དཀར་མཛེས་ཀྱི་བུ་མོ་མཛེས་མ་ཞིག་ཡིན་ལ། ད་ལྟའི་ཁོ་མོའི་སྙན་ཞིང་འཇེབས་པའི་གླུ་སྐད་དེ་ས་ཕྱོགས་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་དུ་གྲགས་བཞིན་ཡོད།
            མི་ལོ་བརྒྱད་ཀྱི་རིང་ལ་སྒྱུ་རྩལ་འཁྲབ་སྟོན་ལ་འབད་པའི་ཁོ་མོ་ལ་མཚོན་ན། སྒྱུ་རྩལ་གྱི་བག་ཆགས་རྔམས་མཐུག་ཅིང་ཉམས་མྱོང་གི་ཁོ་ལག་ཡོངས་སུ་རྫོགས་པ་ཞིག་རེད་ ཅེས་བརྗོད་ཆོག་ཆོག་རེད།  ལས་ལ་བརྩོན་ཞིང་གཤིས་ཀ་འཇམ་པའི་ཁོ་མོས་རྒྱང་རིང་བོའི་ཕུགས་འདུན་གྱི་ཆེད་དུ་རང་ཉིད་ཀྱི་ལག་ཐོག་ན་ཡོད་པའི་བྱ་བ་དགའ་བོ་སྐྱུར་ཏེ། 2006ལོར་ཟི་ཁྲོན་ཞིང་ཆེན་དེང་རབས་གོ་བདེའི་རོལ་མོའི་སློབ་གྲྭར་ཟབ་སྦྱོང་དུ་ཕྱིན། དེས་ཀྱང་ཁོ་མོར་གླུ་ཆུང་སྙན་མོ་དབྱངས་སུ་ཐོགས་པའི་དངོས་གྲུབ་ཟམ་མེད་དུ་སྦྱིན་བྱུང་ལ་གླུ་སྐད་སྙན་མོ་ཕྱོགས་ཀུན་ཏུ་སྤྲོ་བའི་བསྐལ་བ་ཕངས་མེད་དུ་བསྩལ་བྱུང༌།
            ད་ལྟ་ཁོ་མོའི་ཆེད་སྒྲིག་བརྙན་འཁོར་ཐོག་མ<<གངས་རིའི་ཕྱོགས་ལ་འགྲོ་བ>>ཞེས་པ་ང་ཚོའི་སྙན་དབང་གསོ་བའི་བདུད་རྩི་རུ་བསྟར་བྱུང་ལ། དེ་ལས<<འོད་སྣང>>དང<<པོ་ཏ་ལ>>ཞེས་པའི་གླུ་གཞས་ཀྱི་གཞས་ཚིག་དང་གཞས་གདངས། ཕབ་སྐྲུན་སོགས་ནི་ཁོ་མོས་དངོས་སུ་བརྩམས་གནང་བྱས་པས་ཀུན་གྱིས་དོ་སྣང་བྱེད་རིན་ལྡན་པ་ཞིག་འདུག་གོ།
            བརྙན་འཁོར་ལེགས་འགྲུབ་འོང་བར་མཐུན་རྐྱེན་སྣ་ཚོགས་འཛོམས་དགོས་པ་ནང་བཞིན།  བཀྲ་ཤིས་ལྷ་མོ་རང་ཉིད་ཀྱི་འབད་བརྩོན་དང་རྒྱུན་འཁྱོངས། རོལ་དབྱངས་ལ་བཅངས་པའི་ལྷག་བསམ་བཅས་ནི་ལས་གང་ཞིག་ཕུན་སུམ་ཚོགས་པའི་རྒྱུ་ཆེན་པོ་རུ་སོང་ཡོད། འགྲོ་སོང་དང་དཀའ་ཚེགས་ཆེ་ཞིང་དྲིན་ཅན་མ་ལོ་ནད་ཀྱིས་མནར་བའི་གནས་ཚུལ་འོག་ཏུ་ཡང་ཁོ་མོ་དཀའ་བ་སྣ་ཚོགས་ཀྱི་གདོང་དུ་བུད་དེ། རོལ་དབྱངས་ཀྱི་རྨི་ལམ་ལ་ཐོག་མའི་འབྲས་བུ་སྨིན་པར་སེམས་ཤུགས་ལུས་ཤུགས་གཉིས་འབུལ་བྱས། བཀྲ་ཤིས་ལྷ་མོའི་ཁེངས་སྐྱུངས་དང་གཟབ་ནན་གྱི་ཕག་ཏུ་ཁོ་མོ་ནར་སོན་པའི་གོ་རིམ་ཁྲོད་དུ་རྔུལ་ཆུས་ཉོས་པའི་ཉམས་མྱོང་འབོར་ཆེན་ཡོད་པ་མཚོན་ཐུབ་ལ།  ཁོ་མོར་རྒྱབ་སྐྱོར་དང་སྐུལ་མ་གནང་བའི་གྲོགས་པོ་མང་པོ་ཡོད་པའང་ཤེས་ཐུབ། ཁོ་མོས་མི་རིགས་སྡིངས་ཆ་ཆེན་མོའི་འགོ་ཁྲིད་དང་ལས་རོགས། དཀར་མཛེས་མི་དམངས་སྲིད་གཞུང་གིས་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རོལ་དབྱངས་བཟོ་སྐྲུན་པ་དགེ་རྒན་ཞའོ་ཡེས་ཨར་དང་རྡོག་བྲོའི་སྲས་པོ་པད་དཀར། རྟ་དཀར་ཚེ་དབང་དང་སོན་མེན་ཁྲུང་སོགས་ཀྱི་ལས་ཀའི་རྣམ་འགྱུར་ལ་སེམས་གཏིང་ནས་ཡི་རང་དང་བཀུར་བསྟི་བྱ་བཞིན་ཡོད།
            མཇུག་ཏུ། ཁོ་མོའི་རྣམ་དག་སེམས་ཀྱི་གདངས་དབྱངས་དེ་ཁ་བ་རི་བའི་ལྗོངས་ལ་ཚེ་སྲོག་གསར་བ་ཞིག་གི་ཚུལ་དུ་སྨིན་འགྲོ་བའི་སྨོན་ལམ་རྒྱག་པ་དང་ལྷན་དུ། རོལ་དབྱངས་ཀྱི་རྨི་ལམ་ཁོག་ལ་སྦས་པའི་ན་གཞོན་ཚོའི་ཕུགས་བསམ་ལ་ཡལ་ག་རྒྱས་པའི་སྨོན་ལམ་རྒྱག་བཞིན་ཡོད།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།