རོལ་དབྱངས


རོལ་དབྱངས་ནི་དུས་ཚོད་སྟོང་པའམ་ལྷོད་ལྷོད་ཡིན་པའི་སྐབས་ལ་ཉན་པའི་ཡིད་ཀྱི་འགྱུར་ཁུག་ཅིག་སྟེ། བདེ་བ་ནས་བདེ་བར་སིམ་ཐུབ་པའི་ཆོ་ག་ཞིག་རེད་ཅེས་བརྗོད་འདོད། གལ་སྲིད་བར་སེང་མེད་པའམ། རྟག་ཏུ་བྲེལ་འཚུབ་ཁོ་ན་ལས་མ་འདས་ན་ཡིད་གར་སིམ་པའི་རོལ་དབྱངས་ཤིག་ཉན་ཁོམ་ག་ལ་ཡོད།
     རོལ་དབྱངས་ལ་སྐབས་རེ་རྐྱང་དཀྲོལ་རོལ་མོ་དང་། སྐབས་རེ་མཉམ་དཀྲོལ་རོལ་མོ། ཡང་སྐབས་རེ་སྲོལ་རྒྱུན་རོལ་མོ་ཉན་ཆོག་ལ། སྐབས་རེ་དེང་དུས་ཀྱི་རོལ་མོ་དང་། ཡང་་སྐབས་རེ་བྱ་བྱིའུ་ཚོས་དཀྲོལ་བའི་རོལ་མོ། སྐབས་རེ་ཤང་ཤང་ཆུ་མོས་དཀྲོལ་བའི་རོལ་དབྱངས་ཀྱང་ཉན་ཆོག
    འོན་ཀྱང་། རོལ་དབྱངས་དཀྲོལ་བ་ཙམ་གྱིས་རྣར་སྙན་ཡིད་དབང་འཕྲོག་པ་ཞིག་ག་ལ་ཡོད། དེ་ནི་སྐྱེ་བོ་སོ་སོའི་ཁམས་དང་མོས་པར་རག་ལས་པ་ཞིག་ཡིན་པས། ལ་ལར་རོལ་དབྱངས་ཉན་པ་ཙམ་གྱིས་གར་མཁན་མཛེས་མའི་སྟངས་སྟབས་མིག་ལམ་དུ་མངོན་སུམ་འཆར་བ་དང་། མཛེས་སྡུག་ལྡན་པའི་ལྷ་ཡི་ཞིང་ཁམས་ཀྱང་མངོན་སུམ་དུ་འཆར་བའང་ཡོང་སྲིད་ལ།   ལ་ལར་མི་སྙན་པ་དང་མི་སྐྱིད་པའི་འཆར་སྣང་ངམ་དྲག་ཆར་རླུང་འཚུབ་ཀྱིས་ཡིད་ཁམས་ཀྱི་གྲུ་གཟིངས་ཕར་གཡོ་ཚུར་གཡོ་བྱེད་པ་དང་མཚུངས་པ་ཡང་ཡོང་སྲིད།
   རོལ་ཆ་བས་རང་ཉིད་ཀྱིས་འབུད་དཀྲོལ་བྱེད་པའི་རོལ་དབྱངས་དེ་ཡིད་བློའི་འགྱུར་ཁུག་དང་སྟབས་བསྟུན་ནས་དབུགས་ཀྱི་རྒྱུ་བ་དང་སོར་མོའི་འདུ་བྱེད་སྟངས་སྟབས་འགྱུར་བར་བྱེད་པ་ཡོད་ལ། སྐབས་རེ་སྐྱེ་བོ་གཞན་གྱི་དགའ་སྐྱོ་ཆགས་སྡང་དཔེ་རུ་བླངས་ནས་རོལ་དབྱངས་འབུད་དཀྲོལ་བྱེད་པའང་ཡོད། དེས་ན། རོལ་ཆ་བས་དཀྲོལ་བའི་རོལ་དབྱངས་ཐམས་ཅད་རོལ་ཆ་བའི་ཡིད་ཀྱི་འགྱུར་ཁུག་རེད་ཅེས་ཞུ་མི་སྤོབས།
   འོན་ཀྱང་རོལ་ཆ་བ་ཞིག་ཡིན་ཕྱིན་ཆད། རོལ་དབྱངས་འབུད་དཀྲོལ་བྱེད་རྒྱུ་ནི་རང་ཉིད་ཀྱི་ལས་དབང་ཞིག་ཏུ་བརྩིས་ཏེ་དཀའ་ཁག་ཇི་འདྲ་ཞིག་འཕྲད་རུང། རོལ་དབྱངས་འབུད་དཀྲོལ་བྱེད་རྐྱང་བྱེད་པ་ལས། དེ་ལས་ཁ་བྲལ་རྒྱུའི་འདུན་པ་ཞིག་བློའི་ཟུར་ལའང་འཁོར་མི་སྲིད། ཡང་སྒོས་རོལ་དབྱངས་འབུལ་དཀྲོལ་བྱེད་རྒྱུ་ནི་རང་ཉིད་ཀྱི་གདམ་ང་ཉག་ཅིག་དང་རོལ་དབྱངས་ཇི་ཙམ་འབུད་དཀྲོལ་བྱེད་པ་དེ་ཙམ་གྱིས་བློ་ཁ་ཚིམས་པ་ཞིག་ཀྱང་ཡིན་ངེས། དེས་རང་ཉིད་ཀྱི་ཡིད་ཁམས་ལ་ཐོབ་མི་ཐུབ་པའི་བདེ་སྐྱིད་ཅིག་ཀྱང་རང་བཞིན་གྱིས་ཡོང་གི་ཡོད་པས། རོལ་ཆ་བས་རོལ་དབྱངས་དང་ཁ་ཡེ་ནས་བྲལ་མི་སྲིད།
   ལྷག་པར་དུ་རང་ཉིད་ཀྱིས་འབུད་དཀྲོལ་བྱས་པའི་རོལ་དབྱངས་དེས་སྐྱེ་བོའི་ཡིད་ལ་བདེ་བ་ཞིག་སྦྱིན་ཐུབ་རེ་བྱེད་པ་ནི། རོལ་ཆ་བ་སྤྱིའི་ཐུན་མོང་གི་བསམ་འདུན་ཡིན་རྒྱུ་རེད། དེས་ན་ང་ཚོ་ཚང་མས་རོལ་ཆ་བར་རམ་འདེགས་གང་ལེགས་བྱས་ཏེ་འབྱུང་འགྱུར་ཡིད་ཁམས་ཀྱི་འཇིག་རྟེན་སྟེང། རྣར་སྙན་ཡིད་དབང་འཕྲོག་པའི་རོལ་དབྱངས་ཀྱིས་བྱུར་བུར་ཁེངས་ཏེ།   ཉན་པ་པོའི་རང་རང་གི་མོས་ཁམས་ལ་གཞིགས་པའི་རོལ་དབྱངས་གང་འདོད་འདོད་དུ་ཉན་ཐུབ་པའི་སྨོན་འདུན་ཞིག་སེམས་གཏིང་ནས་ཞུ་སྙིང་འདོད་ལགས། །

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།