ས་ནག་གཞས་ཚོགས་ཀྱི་ས་ཆེན་ཨ་མར་ཕུལ་བའི་གླུ།


མཚོ་སྔོན་པོ་དྲ་བ་ནས།

《ས་ནག་གཞས་ཚོགས》ཀྱི་ཐོག་མའི་གཞས་བརྙན །
      ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་དོན་ཆེད་སྒྲིག
                                 —《ས་ཆེན་ཨ་མར་ཕུལ་བའི་གླུ》
              བོད་ཀྱི་དེང་རབས་གཞས་པ《ས་ནག་གཞན་ཚོགས》ཀྱི་ཐོག་མའི་གཞས་བརྙན《ས་ཆེན་ཨ་མར་ཕུལ་བའི་གླུ》ཞེས་པ2011ལོར་བརྙན་ལེན་པ་དང་སྒྲ་ཕབ་པ་སོགས་བྱས་ཏེ་མི་འགྱང་བར་འགྲེམ་སྤེལ་བྱེད་རྩིས་ཀྱི་སྔོན་འདིར། གཞས་པ་དང་གཞས་ཚིག  གཞས་དབྱངས་སོགས་ཀྱི་ཐད་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན་འདི་ལྟ་སྟེ།
1. གཞས་པ།              གཞས་ཚོགས་འདི་ནི་གཞས་པ་གསུམ(མགོན་པོ་བཀྲ་ཤིས། ལྷ་མོ་སྐྱབས། རྟ་མགྲིན་སྐྱབས།)གྱིས་གྲུབ་པའི་ཚན་སྡེབ་ཅིག་ཡིན་ལ། སྔོན་ཆད《ཀླུ་ཆུའི་སྐར་རྒྱན་གསུམ》ཞེས་པའི་མིང་དེ་བཏེགས་ནས་གར་སྟེགས་མི་ཉུང་བ་ཞིག་ལ་བུད་མྱོང༌། ད་རེའི་གཞས་བརྙན་འདི་ཆེད་སྒྲིག་གི་སྟ་གོན་དང་བསྟུན་ནས《ས་ནག་གཞན་ཚོགས》ཞེས་པར་བསྒྱུར། དེ་ཡང་རྒྱུ་མཚན་མེད་པ་ཞིག་གམ་གང་འདོད་དུ་བྱུང་བ་ཞིག་མིན་ཏེ། ས་ཆེན་ཨ་མར་བཅིངས་པའི་བརྩེ་སེམས་འདིས་ལོས་ཡིན་བསམ།
              ཁོ་ཚོ་ནི་ཕ་ཡུལ་ཀླུ་ཆུ་སྔོན་མོའི་འགྲམ་ངོགས་ནས་འཚར་ལོངས་བྱུང་ཞིང༌། གཞི་རིམ་གྱི་སློབ་ཆུང་ཞིག་ནས་གོམ་ཁ་བསྒྱུར་གྱིན་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་ཀན་ལྷོ་མི་རིགས་དགེ་འོས་སློབ་ཆེན་སོགས་སློབ་གྲྭ་རིམ་པར་བརྒྱུད་དེ་སྤྱི་ཚོགས་ཀྱི་ལས་གནས་སུ་ཞུགས་ཡོད་པའི་གཞས་པ་སྐོར་ཞིག་ཡིན། ཁོ་ཚོའི་སྐད་ངག་ན་བོད་པའི་ཕོ་གསར་ཞིག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང༌། ཕ་ཡུལ་གངས་ལྗོངས་ལ་བཅིངས་པའི་ལྷག་བསམ་གྱི་གཞས་སྐད་ཅིག་ཀྱང་ལྷད་མེད་མངོན་ཡོད། ཁོ་ཚོའི་གདངས་དབྱངས་ཀྱི་འགྱུར་ཁུགས་ལས་མི་སེམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་ངེས་ཡིན། ད་སྔ་སློབ་གྲྭ་རིམ་པའི་ཕུལ་བྱུང་གླུ་བའི་མཚན་སྙན་བསྟུད་མར་བླངས་ཤིང༌། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གར་སྟེགས་སུ་ངག་གི་འགྱུར་ཁུགས་གཟེངས་སུ་བཏེགས་མྱོང་ལ། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི2005ལོའི་ལོ་སར་དགོང་ཚོགས་སུའང《ང་ཚོ་དེ་རིང་འཛོམས་སོང》ཞེས་པའི་དབྱངས་རྟ་སྙན་མོས་ཁ་བ་རི་བའི་ལྗོངས་ལ་ལེགས་སྐྱེས་སུ་ཕུལ་མྱོང༌།
2. གཞས་ཚིག              དེང་གི་དུས་འདིར་ང་ཚོ་མི་སུ་ཞིག་ཡིན་རུང་གི་འཚོ་གནས་ལ་འདང་མི་རྒྱག་མཁན་མེད་ནའང༌། འཚོ་གནས་ཀྱི་ཆེས་གལ་ཆེའི་གནད་ཅིག་ནི་ཅི་ཞིག་ཡིན་པ་སུས་ཀྱང་ངེས་ཤེས་ཟབ་མོ་མེད་པར་སྣང་བའི་དུས་སྐབས་འདིར། 《ས་ནག་གཞས་ཚོགས》ཀྱིས་ཆེད་དུ་སེམས་ཅན་ཡོད་དོ་ཅོག་གི་བརྟེན་གཞི་རུ་གྱུར་བའི་ས་ཆེན་པོའི་བདེ་སྡུག་ལ་བརྩེ་སེམས་དང་ཞེ་འདང་བརླན་ཏེ་སྐད་འབོད་ཐེངས་ཤིག་གི་ཚུལ་གྱིས་གཞས་ཚིག་སོགས་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་དོན་ལ་ཁ་ཕྱོགས་ནས། ཀན་སུའུ་ཞིང་ཆེན་དགེ་འོས་སློབ་ཆེན་གྱི་དགེ་རྒན་སྒོམ་པ་བཀྲ་ཤིས་དང༌། བོད་ཀྱི་སྒྱུ་རྩལ་བ་ཆེན་མོ་སྨན་བླ་སྐྱབས་སོགས་ཀྱིས་ཆེད་དུ་བྲིས་གནང་མཛད་པའི་གཞས་ཚིག་སྟེ། སྒྱུ་རྩལ་དང་མཚོན་ཐབས། དོན་གནད་དང་བརྩེ་དུངས་སོགས་ཀྱིས་ཀུན་ནས་ཕྱུག་པའི་གཞས་ཚིག་རྐྱང་བ་ཡིན།

ས་ནག་གཞས་ཚོགས།
3. གཞས་གདངས།             གཞས་གང་ཞིག་གཏོང་བ་ལ་ངེས་པར་ཚད་ལྡན་དུ་འགྱུར་དགོས་པ་ནི་གཞས་གདངས་ཡིན་པ་གདོན་མི་ཟ། གཞས་ཀྱི་སྲོག་ཤིང་ལྟ་བུའི་གཞས་གདངས་ཀྱིས་མི་སེམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་འགྱུ་སྣ་ཚོགས་སྦྱིན་ངེས་པས། ཁོ་ཚོའི་གཞས་གདངས་ཀྱི་ཐད་ནས་ཀྱང་མི་རིགས་ཤིག་གི་ངོ་བོ་མཚོན་ཐབས་ཀྱི་གནད་གཙིག་འཛིན་བྱས་ཡོད་ལ། རོལ་མོ་སྡེབ་སྦྱོར་གྱི་ཆ་ནས་ཀྱང་བོད་པ་རང་གི་སེམས་ལ་ཅུང་ཆ་རྒྱས་ཟབ་པའི་འབུ་རྡུང་དཀྲོལ་གསུམ་གྱི་ཤན་མང་པོ་མཁོ་སྤྲོད་བྱས་ཡོད། བོད་ཀྱི་དབྱངས་རྟ་རྩོམ་པ་པོ་རྒན་ཚུལ་ཁྲིམས་དང་འཇའ་བྷེ། བོད་ཕྱི་ནང་གཉིས་ན་སྙན་གྲགས་དབྱར་འབྲུག་བཞིན་ལྡིར་བའི་བོད་ཀྱི་དེང་རབས་གཞས་པ་གངས་ཅན་པ་སྒྲོལ་མ་སྐྱབས་སོགས་ཀྱིས་ཆེད་རྩོམ་མཛད་པའི་གཞས་གདངས་ཏེ་དེང་རབས་བོད་ཀྱི་གཞས་གདངས་རྐྱང་ཡིན།
             མཇུག་ཏུ།   ཁོ་ཚོ་ནི་རིག་གནས་ཆུ་ཚད་དང་བོད་པའི་འདུ་ཤེས་སོགས་ཕྱོགས་གང་ནས་བལྟས་ན་ཅུང་ཚད་ལྡན་ཅན་གྱི་གཞས་ཚོགས་ཤིག་ཡིན་ལ། སྐད་ངག་གི་ཆ་ནས་བལྟས་ན་ཡང་གཞས་ཚོགས་གང་དང་བསྡུར་ན་ངོ་གནོང་དགོས་མེད་པ་ཤ་སྟག་ཡིན། ཁོ་ཚོ་འདི་ལྟར་ལམ་ལ་ཆས་སོང༌། གངས་རི་དང་རྩྭ་ཐང་ལ་ཕྱོགས་ནས་ལམ་ལ་ཆས་སོང༌། ཕ་ཡུལ་དང་ཕུ་ནུ་ལ་དུངས་བཞིན་ལམ་ལ་ཆས་སོང༌།
             གངས་རི་ལགས།  ཕ་ཡུལ་ལགས། ཕུ་ནུ་ལགས། ཁྱོད་ཀྱི་ཕྱོགས་སུ་ཆས་ཀྱིན་པའི་རྡོག་སྒྲ་ཆུང་ཆུང་འདི་སེམས་ཀྱིས་གཅེས་རོགས། མིག་གིས་འཚོ་རོགས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།