ལྷུན་གྲུབ་ཀྱི་གླུ་དབྱངས་གསར་པ་ཐེ་ཝན་ནས་ཕབ་ལེན་བྱ་རྒྱུ་རེད།



སྤེལ་དུས།  2011-10-04 09:31:53.0   ཡོང་ཁུངས།  སེང་རྡོར་དྲ་བ།    
རྡེབ་ཚད།  30                      རྩོམ་པ་པོ།  ཤར་རླུང་།                     ཞུ་དག་མཁན། 


   ན་གཞོན་གླུ་དབྱངས་ལེན་མཁན་གྲགས་ཅན་ལྷུན་གྲུབ་ཀྱི་ཆེད་བསྒྲིགས་གླུ་དབྱངས་ཀྱི་འོད་སྡེར་གསར་པ་དེ་ད་ལན་ཐེ་ཝན་ནས་ཕབ་ལེན་བྱ་རྒྱུ་རེད།   རྒྱུས་ལོན་བྱས་པ་ལྟར་ན། ཁོང་གིས་སྔོན་ཆད་ཀྱི་འོད་སྡེར་དག་ནེ་པ་ལ་ནས་ཕབ་ལེན་བྱས་ཡོད་ནའང་། ད་ལན་ཁོང་གིས་ཆེད་བསྒྲིགས་གླུ་དབྱངས་ཀྱི་འོད་སྡེར་བཞི་པ་དེ་ཐེ་ཝན་དུ་ཕབ་ལེན་བྱེད་དགོས་པའི་ཐད་ལ་འགྲེལ་བརྗོད་གནང་དོན། ནེ་པ་ལ་ནས་ཕབ་ལེན་བྱས་ཚེ་ཕབ་སྐྲུན་བྱེད་གླའི་རིན་གོང་སོགས་ཕྱོགས་གང་ཐད་ནས་ཅུང་ཟད་ཁེ་བོ་ཡོད་ནའང་། རོལ་དབྱངས་སྒྲིག་སྦྱོར་གྱི་ལག་རྩལ་ཞན་པ་དང་། འོད་སྡེར་གྱི་རྒྱུ་སྤུས་དེ་འདྲ་མི་བཟང་ཞིང་། དེ་ལས་ཐེ་ཝན་དུ་ཕབ་ལེན་བྱེད་གླ་མཐོ་ནའང་རོལ་དབྱངས་སྒྲིག་སྦྱོར་དང་འོད་སྡེར་སོགས་ཀྱི་རྒྱུ་སྤུས་ཧ་ཅང་ཚད་ལྡན་ཡིན་པ་དང་། རོལ་དབྱངས་སྒྲིག་སྦྱོར་ཐད་ལ་དེང་རབས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། ཆེད་སྒྲིག་འོད་སྡེར་བཞི་པ་དེ་ཐེ་ཝན་ནས་ཕབ་ལེན་བྱ་རྒྱུར་བདམས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
    ཁོང་གིས་དེ་སྔ་ཆེད་བསྒྲིགས་འོད་སྡེར་དང་པོ་<<གངས་ཅན་པའི་ལས་དབང་>>དང། གཉིས་པ་<<བོད་མིའི་སྐྱིད་སྡུག་མཉམ་མྱོང་།>>མཉམ་གཞས་<<ས་མཐའི་གྲུ་ག>> བཅས་འོད་སྡེར་གསུམ་བཏོན་ཡོད་པ་དང་། ད་ཆ་བོད་ཕྱི་ནང་གཉིས་ནས་ཁོང་གི་གླུ་དབྱངས་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་བྱུང་དང་འབྱུང་བཞིན་ཡོད་པར་མ་ཟད། རྒྱ་ཆེ་བའི་གསན་མཁན་མང་པོས་ཁོང་གི་གླུ་དབྱངས་ལ་གསན་པའི་སྐབས་ཀྱི་སེམས་ཚོར་ངོ་མ་གློག་འཕྲིན་བརྒྱུད་ནས་རྟག་ཏུ་བསྐུར་གྱི་ཡོད་པར་བརྟེན། དེ་ནི་ཁོང་རྣམ་པས་བདག་ལ་ཆེས་བླ་ན་མཐོ་བའི་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཚུལ་ཞིག་ཡིན་སྟབས་གསན་མཁན་ཚོས་སྐུར་བཞིན་པའི་རྒྱབ་སྐྱོར་གྱི་འཕྲིན་ཡིག་རེ་རེས་ང་ལ་སྔར་ལས་ལྷག་པའི་ཆེད་བསྒྲིགས་འོད་སྡེར་ཚད་མཐོ་པོ་ཞིག་ཕབ་ཞེན་བྱ་རྒྱུར་སྤོབས་པ་དང་སེམས་ཤུགས་འཕེལ་གྱི་འདུག་ཅེས་བརྗོད་ཡོད་པ་རེད།
ཁོང་གིས་འདས་པའི་ལོ་མང་རིང་རོལ་དབྱངས་སྐོར་ལ་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱས་རྗེས་ཀྱི་དེ་རིང་། ད་གཟོད་ཁོང་ནི་གདངས་རྩོམ་མཁན་ཞིག་ཏུའང་གྱུར་ཡོད་པ་རེད།
བོད་ཀྱི་གློག་བརྙན་ཁང་གིས་ཕབ་ལེན་བྱས་པའི་<<ངའི་དཔའ་བོ་རི་ཆར་ཊི་འགའ་>>ཞེས་པའི་གློག་བརྙན་དེའི་བརྗོད་དོན་གླུ་དབྱངས་ལེོན་མཁན་ཡང་ཁོང་ཡིན་པར་མ་ཟད། ད་དུང་བོད་ཀྱི་གློག་བརྙན་ཁང་དང་ཁོང་གི་བར་གན་རྒྱ་བཞག་ནས་གངས་ཅན་པའི་ལས་དབང་ཞེས་པའི་ཁོང་གི་ཆེད་བསྒྲིགས་དང་པོ་དེ་བསྐྱར་དཔར་གྱིས་འཛམ་གླིང་སྟེང་བོད་མི་འདུས་སྡོད་བྱེད་ས་ཀུན་ལ་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། རོལ་དབྱངས་འགྲན་ཚོགས་སྟེང་ཁོང་གི་གླུ་དབྱངས་དང་འོད་སྡེར་ལ་བྱ་དགའི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་རེད།
   ད་ལྟ་ཁོང་ནི་སྒྲོལ་དཀར་བྱམས་བརྩེ་ཚོགས་པའི་རོལ་དབྱངས་ཀྱི་དགེ་རྒན་ཡིན་པ་དང་། སློབ་མ་མང་པོ་ཞིག་ལ་རོལ་དབྱངས་སྐོར་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་པར་མ་ཟད། རོགས་སྐྱོར་ཚོགས་པ་འགས་ཐེངས་གང་མང་དྭ་ཕྲུག་དང་ཉམ་ཐག་སྐྱོ་བའི་རིགས་ལ་རོགས་སྐྱོར་ཞལ་འདེབས་འདུ་སློང་ཆེད་འཁྲབ་སྟོན་དགོང་ཚོགས་ཐེངས་གང་མང་ཚོགས་ནས་ཁོང་གདན་ཞུ་བྱས་པར་ཁོང་གིས་དགའ་སྤྲོའི་ངང་རིན་མེད་ཀྱི་ཐོག་ནས་དང་བླང་གིས་གླུ་དབྱངས་ཐེངས་གང་མང་བླངས་སྟབས། མི་ཚང་མས་ཁོང་ལ་ཧ་ཅང་དགའ་མོས་བྱེད་ཀྱིན་ཡོད་པ་རེད།།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།