ཐོན་མིའི་གཟི་བྱིན་ཞེས་པའི་རིག་རྩལ་དགོང་ཚོགས་མགོ་ལོག་ཁུལ་དུ་ཚོགས་པ།



མགོ་ལོག་ཁུལ་དུ་ཐོན་མིའི་གཟི་བྱིན་ཞེས་པའི་རིག་རྩལ་དགོང་ཚོགས་ཚོགས་པ།
  ཟླ11བའི་ཚེས20ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱིས་བསྒྲུབས་པའི་ཐོན་མི་སམྦྷོ་ཊ་འཁྲུངས་ནས་ལོ་འཁོར1392ལོན་པའི་རྗེས་དྲན་གྱི་དགོང་ཚོགས་མགོ་ལོག་ཁུལ་ཟློས་གར་ཁང་ནས་ཚོགས།
  ཐེངས་འདིའི་རིག་རྩལ་ལ་ཞབས་བྲོ་དང་། གར་ཆུང༌། རོལ་མོ། རྡུང་ལེན། དམངས་གླུ། གཏམ་དཔེ། ཀ་བཤད། སྐད་རིགས་དུ་མའི་སྙན་ངག་གྱེར་འདོན། བཤད་པ། གཏམ་བརྗོད་ཟློས་གར་སོགས་སློབ་དཔོན་ཐོན་མི་དང་འབྲེལ་བ་ཡོད་པའི་རིག་རྩལ་ལེ་ཚན་མི་འདྲ་བ་ཉེར་གསུམ་ལྷག་ཡོད།

མདོ་འཛིན་པས་དགོང་ཚོགས་ལ་མདོ་འཛིན་བྱེད་བཞིན་པ། 

དགོང་ཚོགས་སྟེང་འཁྲབ་སྟོན་བྱེད་བཞིན་པ།
  ཐེངས་འདིའི་ལྟད་མོ་བ་ནི་སློབ་གསོའི་འབྲེལ་ཡོད་སྡེ་ཁག་དང༌། མགོ་ལོག་ཁུལ་གྱི་ལས་རིགས་སོ་སོའི་མཁས་པ་དང་ཡོན་ཏན་ཅན། སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན། སློབ་མ་བཅས་མི་བདུན་བརྒྱ་ལྷག་ཞུགས་ཤིང༌། ལས་རིགས་སོ་སོའི་ལྟད་མོ་བའི་ཚོགས་ཀྱིས་ཐེངས་འདིའི་རིག་རྩལ་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད། དགོང་ཚོགས་ཀྱི་འཁྲབ་སྟོན་རེ་རེས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་བཀུག་ཅིང་ཤེས་ཡོན་ཅན་དག་གིས་མདོ་འཛིན་པས་ངོ་སྤྲོད་བྱས་པ་བཞིན་སློབ་དཔོན་ཐོན་མི་ནི་བོད་ཀྱི་ཕུལ་དུ་བྱུང་བའི་བསམ་བློ་བ་དང༌། གསར་གཏོད་པ། ལྗོངས་རྒྱུ་བ། ཆོས་ལུགས་པ། སྒྲ་རིག་པ་བ། ལོ་ཙཱ་བ། སློབ་གསོ་བ། ཕྱི་འབྲེལ་བ། ཆབ་སྲིད་པ། ཁྲིམས་ལུགས་པ་བཅས་ཡིན་པས་ཐེངས་དང་པོར་ཁོང་ལ་རྗེས་དྲན་གྱི་དགོང་ཚོགས་འདི་ལྟ་བུ་ཚོགས་པ་ནི་ལོ་རྒྱུས་དང་། རིག་གནས། མི་རིགས་བཅས་ཕྱོགས་གང་ནས་བརྗོད་ཀྱང་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་ཅེས་བརྗོད་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།