ཞབས་གཞས།



གངས་ཅན་ཡུལ་དེར་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་པ་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་མཚུངས་པ་ཞིག་ཡིན་ཞིང༌།

ད་ཡོད་ལོ་རྒྱུས་ཡིག་རིགས་ལ་འཁོད་པར་གཞིགས་ན།  ཞབས་གཞས་རྣམ་གྲངས་གཙོ་བོ་ནི་འཆམ་དང༌།  ཤོན།  བྲོ།  གར།  སྒོར་གཞས།  གཞས་ཆེན།  ནང་མ།  སྟོད་གཞས།  ཀོང་པོའི་མདའ་གཞས།  ལྷ་མོ།  འབྲོང་རྩེད།  བགྲེས་དཀར་སོགས་དང་དེ་དག་ལའང་ནང་གསེས་དབྱེ་བ་ཤིན་ཏུ་མང་བས་འདིར་རྣམ་གྲངས་གཙོ་བོ་རྣམས་རགས་ཙམ་བཀོད་པ་འདི་ལྟར།།
འཆམ་ནི་ཆེས་སྔ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང༌།  ད་ནས་བརྩིས་པའི་མི་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་གྱི་སྔོན་ནས་འཆམ་དར་ཟིན་པ་དང༌།  འཆམ་གཞུང་གི་བརྗོད་བྱ་གཙོ་བོ་ནི་བོན་སྐྱོང་སྲུང་མ་དང་ཡི་དམ་ལྷ་ཚོགས་ཀྱི་ཆོ་ག་གཙོ་བོར་བཟུང་ཞིང༌།  དེ་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་རྗེས་སུ་གྲུབ་མཐའ་སོ་སོའི་ཆོ་ག་ལྟར་འཆམ་དར་ཁྱབ་ཆེ་བ་བྱུང་བ་སྟེ།  གྲུབ་མཐའ་ཁག་གི་དགོན་སྡེ་ཆེ་འབྲིང་ཁག་ལ་རང་སོ་སོའི་རྒྱུན་སྲོལ་ལྟར་འཆམ་འཁྲབ་སྲོལ་དང༌།  ལོ་ལྟར་བོད་ཟླ་བརྒྱད་པར་བཀྲ་ཤིས་ལྷུན་པོའི་༼གཟིགས་མོ་ཆེན་པོ༽དང༌།  བོད་ཟླ་དྲུག་པའི་ནང་ས་སྐྱ་པའི་ལུགས་ཀྱི་༼ཕུར་འཆམ༽སོགས་དངོས་སུ་མཇལ་རྒྱུ་ཡོད།།

ཤོན་ནི་ཆེས་དར་སྔ་བའི་གནའ་བོའི་གླུ་གར་ཞིག་ཡིན་ལ།  འདི་ནི་གཞི་རྒྱ་ཆེ་ཞིང་དམངས་ཁྲོད་དུ་ཁྱབ་གདལ་ཆེ་བ།  དམིགས་བསལ་གྱི་ཉམས་འགྱུར་ལྡན་ལ་གླུ་གར་ཟུང་དུ་འབྲེལ་བ་ཞིག་ཡོད་པ་གསལ་པོར་མངོན།  ནང་དོན་གཙོ་བོ་ནི་ཡུལ་ལྷ་གཞི་བདག་དྲེགས་ལྡན་གསོལ་བའི་གླུ་གར་གྱི་རྣམ་པ་ཞིག་ཡིན་ཞིང༌།  སྤྱི་ཚོགས་གོང་དུ་འཕེལ་བ་དང་སྦྲགས་གནའ་བོའི་ཤོན་རྩེད་ལའང་དར་ཤོན་སོགས་ནང་གསེས་རིགས་བཅུ་གསུམ་ཙམ་དབྱེ་བ་དང༌།  འཁྲབ་མཁན་གྱི་ལག་ཏུ་དར་མཚོན་འཁྱེར་བ།  སྐྱེ་བོ་ཕོ་མོ་ཞུགས་ཏེ་བརྩེ་དུང་གི་རྣམ་པ་མཚོན་པའི་གླུ་གར་ཞིག་ཡིན་ཞེས་གསུངས་སོ།།
བྲོ་ནི་གངས་ཅན་ཡུལ་གྱི་གནའ་བོའི་ཞབས་གཞས་གྱི་བྱེ་བྲག་ཅིག་ཡིན། ། བྲོ་ནི་ལུས་པོའི་ཉམས་འགྱུར་དང་ངག་གི་གླུ་དབྱངས་ཟུང་དུ་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང༌། བྲོ་ནི་འགྱིངས་ཉམས་ལྡན་པ། རྐང་བྲོ་གླུ་གཞས་ཟེར་བ་ལྟར་གླུ་གཞས་ཀྱི་ནང་དོན་གཙོ་བོ་ནི། ལྷ་བླ་མ་ལ་བསྟོད་པའི་གླུ་དབྱངས་དང༌། དགའ་སྟོན་གྱི་རྟེན་འབྲེལ་ལ་བཀྲ་ཤིས་སྨོན་འདུན་ཞུ་བ།རང་གི་ཆེ་བ་བརྗོད་པ་ལ་སོགས་པ་གླུ་གཞས་ཀྱི་ཚིག་གཏིང་ཟབ་ལ་སྙན་ངག་གི་ཉམས་འགྱུར་ལྡན་པ་ཡོད་ལ། སྲོལ་རྒྱུན་གྱི་གཞས་ཚིག་ཕུད་སྐབས་འགར་འཕྲལ་དུ་གསར་རྩོམ་བྱས་ཀྱང་ཆོག བྲོ་ལ་གཟུགས་ཀྱི་ཉམས་འགྱུར་དང༌། ཕྱག་མཚན། འཁྲབ་ལུགས་ཀྱི་རྣམ་པ། ཡུལ་ལུང་སོ་སོའི་ཁྱད་ཆོས་མི་འདྲ་བར་བརྟན་ནང་གསེས་དབྱེ་བའང་མང་དུ་མཆིས།།
སྒོར་བྲོ་ནི། གཙོ་བོ་ལོ་གསར་གྱི་མཛད་སྒོའི་རྟེནའབྲེལ་དང༌། གཉེན་སྒྲིག་དགའ་སྟོན། ལྷ་གསོལ་སོགས་ཀྱི་སྐབས་སུ་འཁྲབ་སྟོན་བྱེད་སྲོལ་ཡོད་ཅིང༌། དེའང་འཁྲབ་སྟོན་བྱེད་པས་གཞི་རྒྱ་ཆེ་ལ་འགྱིངས་ཉམས་ཆེ་བ། སྐྱེ་བོ་ཀུན་ཀྱང་སྤྲོ་བ་རབ་ཏུ་འཕེལ་བའི་ཉམས་འགྱུར་ལྡན་པ་ཞིག་ཡོད།།
རྔ་བྲོ་ནི། བྲོ་པ་རྣམས་ཀྱིས་སྐེད་པར་རྔ་ཆུང་སྒོར་མོ་རེ་བཏགས་པ་དང༌། སྟོད་དུ་དར་ཚོན་སྣ་ལྔ་གྱོན་ཐོག་བྲོ་དཔོན་གྱི་སྣེ་འཁྲིད་འོག་རྐང་བྲོ་ལག་བརྡུང་སྟེ་རྐང་པས་བྲོ་འཁྲབ་པ་དང་ལག་པ་རྔ་བརྡུང་སྟེ་འཁྲབ་པའི་གནའ་བོའི་བྲོའི་བྱེ་བྲག་ཅིག་ཡིན་༼རྒྱལ་རབས་གསལ་བའི་མེ་ལོང༽སོགས་ལ་འཁོད་པར་གཞིགས་ན། རྔ་བྲོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དར་བ་གསལ་པོར་རྟོགས། རྔ་བྲོ་འཁྲབ་སྐབས་བྲོ་པ་བཅུ་ཕྲག་འགའ་ཞིག་མཉམ་དུ་འཁྲབ་དགོས་ལ། འཁྲབ་ལུགས་ནི་འཁྲུག་བྱ་དོད་པ་དང༌། བག་ཡངས་པ། སྤྲོ་གསེང་གི་རྣམ་པས་ཁེངས་པའི་དམིགས་བསལ་ཁྱད་ཆོས་ལྡན་ཞིང༌། བྲོ་གཞས་ཀྱི་ཚིག་ནི་གོང་དུ་བཀོད་པའི་བྲོ་རིགས་གཞན་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན།།
མཆོད་བྲོ་ནི། སངས་རྒྱས་བསྟན་པའི་ཆེ་བ་བརྗོད་རྒྱུ་ནང་དོན་གཙོ་བོར་འཛིན་པའི་གླུ་གར་ཞིག་ཡིན། དེའང་ཆབ་མདོ་བྱམས་པ་གླིང་དགོན་གྱི་མཆོད་བྲོ་དང་རྭ་སྒྲེང་གི་མཆོད་བྲོ་ནི་གྲགས་ཆེ་བར་གྱུར།འོན་ཀྱང་ཆབ་མདོ་བྱམས་པ་གླིང་གི་མཆོད་བྲོ་ནི་གྲྭ་པས་འཁྲབ་སྟོན་བྲེད་པ་དང༌།རྭ་སྒྲེང་གི་མཆོད་བྲོ་ནི་མི་སྐྱས་འཁྲབ་སྟོན་བྱེད་ཆོག་ཅིང༌།འཁྲབ་ལུགས་ཐད་སྤྱིར་ན་སྒོར་བྲོ་དང་འདྲ་ལ། འོན་ཀྱང་གཟུགས་ཀྱི་འགྱུར་མཛེས་ཤིང་འཁྲུག་ཆ་དོད་པ་དང༌། ངག་གི་རྟ་དབྱངས་ནི་སྙན་ཞིང་འཇེབས་པ། ཚིག་གི་ནང་དོན་གཙོ་བོ་ནི་ལྟ་བླ་མར་གསོལ་འདེབས་དང་བསྟོད་པ་ཕུལ་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་རེད།།
བྲོ་པ་གཞས་མ་ནི། གངས་ཅན་ཡུལ་དུ་དར་ཁྱབ་ཆེ་བའི་སྐྱེས་པའི་བྲོ་དང་བུད་མེད་ཀྱི་གཞས་ཟུང་དུ་འབྲེལ་བའི་བྲོ་གཞས་ཀྱི་བྱེ་བྲག་ཅིག་རེད། བྲོ་གཞས་དེ་རིགས་གཙོ་བོ་ནི། གནམ་ལོ་གསར་བཞད་ཀྱི་རྟེན་འབྲེལ་ཆེ་མོ་དང༌། གཞུང་གི་མཛད་སྒོ། ཚོགས་མཆོད་སེར་སྦྲེང་སོགས་མཛད་སྒོ་ཁག་ལ་འཁྲབ་སྟོན་བྱེད་དགོས་ཤིང༌། སྤྱིར་ན་བྲོ་པ་གཞས་མའི་འཁྲབ་སྟོན་པ་ནི་བྲོ་དཔོན་གཉིས་དང༌། བྲོ་པ་ལྔ། གཞས་མ་གསུམ། ཨ་ར་བ་གཉིས་བཅས་ཀྱིས་འཁྲབ་སྟོན་བྱེད་ཅིང༌། འོན་ཀྱང་བྲོ་པ་གཞས་མའི་མི་གྲངས་ནི་མཛད་སྒོ་ཆེ་ཆུང་དང༌། ཡུལ་ལུང་སོ་སོའི་སྔར་སྲོལ་ལ་གཞིགས་ནས་གཏན་འཁེལ་བ་ལས་གཅིག་གྱུར་གྱི་གཏན་འབེབས་མེད།།
རས་པ་ནི། གཙོ་བོ་བོད་ཀྱི་ཤར་ཁུལ་ཆབ་མདོའི་ས་གནས་ཁག་ཏུ་ཁྱབ་ཆེ་བའི་ཞབས་བྲོ་དང༌། གླུ་གཞས། ཕོ་རྩལ་སོགས་ཕྱོགས་བསྡུས་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། རས་པའི་འཁྲབ་ཆས་སུ་སྐྱེས་པ་རྣམས་ཀྱིས་རྩིད་པའི་དོ་རལ་རྩེ་མོར་རྔ་མ་དམར་པོ་ཡོད་པ་ཞིག་སྐེད་པར་འདོགས་སྲོལ་ཡོད་པས། རས་པའི་འཁྲབ་ཆས་རོལ་ཆ་པི་ཝང་ཕྱག་མཚན་གཤང་ལང་དང༌། རྔ་ཆུང༌། རྔ་མ། གཙོད་ར། རྩེད་གྲི་སོགས་ལ་བརྟག་ཞིབ་བྱས་ཚེ་གཡུང་དྲུང་བོན་གྱི་ཆོས་ལུགས་དང་འབྲེལ་བ་ཆེ་ཞིང༌། ལྷག་པར་དུ་རལ་པ་དར་ཁྱབ་ཆེ་ཤོས་ཀྱི་ས་གནས་སྟེང་ཆེན་རྫོང་ནི་བོན་གྱི་ཆོས་ལུགས་ཀྱི་ལྟེ་གནས་ཤིག་ཡིན། དེར་བརྟེན་རལ་པ་ནི་ལོ་རྒྱུས་ཡུན་རིང་བའི་གནའ་བོའི་གླུ་གར་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་པ་གསལ་པོར་མངོན།།
གར་ནི། སྤྱི་ལོའི་དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དར་བའི་གནའ་བོའི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་ལ། གཟུགས་ཀྱི་ཉམས་འགྱུར་གཙོ་བོར་བཟུང་བའི་ཟློས་གར་གྱི་རིགས་ཤིག་ཀྱང་རེད།
གཞས་ཆེན་ནི། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་སྒྱུ་རྩལ་གྱི་རྣམ་པ་དེ་རིགས་ད་བར་དམངས་ཁྲོད་དུ་གནས་དང་གནས་མུས་ཤིག་ཡིན་པ་བཅས་སོ།།
སྒོར་གཞས། ལོ་གསར་པར་རྟེན་འབྲེལ་ཤིས་ཚིག་བརྗོད་པ་དང༌། ཡུལ་ལྷ་གཞི་བདག་ལ་བསྟོད་པ་ཕུལ་བ།  གཉེན་སྒྲིག་མཛད་སྒོར་རྟེན་འབྲེལ་ཞུ་བ། ཡུལ་ལུང་དང་གནས་མཆོག་ཁྱད་པར་ཅན་ལ་བསྔགས་པ། ཕོ་མོའི་བརྩེ་སེམས་མཚོན་པ་སོགས་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ། ཡུལ་ལུང་གང་སར་ཁྱབ་ཆེ་བ། སྐྱེ་བོ་ཀུན་གྱི་སྤྲོ་སེམས་རབ་ཏུ་འཕེལ་ཐུབ་པའི་ཁྱད་ཆོས་དུ་མ་དང་ལྡན་པ་བཅས་སོ།།
རྒྱ་གཞས་ནི། རྒྱ་གཞས་ནི་གཙང་དང་སྟོད་ཁུལ་དུ་དར་ཁྱབ་ཆེ་བའི་གནའ་བོའི་གླུ་གར་གྱི་རྣམ་པ་ཞིག་ཡིན། རྒྱ་གཞས་ཞེས་མིང་ཇི་ལྟར་ཐོབ་ཚུལ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཨ་ལྕེ་རྒྱ་བཟའ་བོད་ལ་ཕེབས་སྐབས་དར་བ་ཡིན་ཞེས་ངག་རྒྱུན་དུ་གསུངས་པ་ཙམ་ལས་ལོ་རྒྱུས་དེབ་ཐེར་སོགས་ཚད་ལྡན་ཡིག་རིགས་ད་བར་མིག་ལམ་དུ་མཇལ་བར་དཀའ་བའི་གནས་སུ་གྱུར། གླུ་གར་དེའི་འཁྲབ་སྟོན་པའི་གྱོན་ཆས་དང༌། གཟུགས་ཀྱི་ཉམས་འགྱུར། གཞས་ཚིག་གི་ནང་དོན་སོགས་ལ་ཉམས་ཞིབ་བྱས་པར་གཞིགས་ན། འདི་ནི་དར་སྔ་བ་དང༌། ས་གནས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང༌། སྟོད་ཁུལ་དམངས་ཁྲོད་དུ་ཁྱབ་གདལ་ཆེ་བའི་གནའ་བའི་སྒྱུ་རྩལ་གྱི་བྲག་ཅིག་ཡིན་པ་གསལ་པོར་རྟོགས་ཐུབ། རྒྱ་གཞས་ལའང་ལ་ལུང་རྒྱ་གཞས་དང༌། སྟེང་དཀར་རྒྱ་གཞས་སོགས་ཡུལ་ལོང་སོ་སོའི་མིང་དང་སྦྱར་བའི་ནང་གསེས་དབྱེ་བ་དང༌། ས་གནས་ཀྱི་ཁྱད་ཆོས་མི་འདྲ་མ་ཡོད་རུང༌། འོན་ཀྱང་འཁྲབ་སྟོན་པའི་ཆས་དང༌། འཁྲབ་འཁྱེར། གླུ་གཞས་གོ་རིམ་སོགས་རྩ་བའི་ཆ་ནས་གཅིག་མཚུངས་སུ་མངོན།།
བགྲེས་དཀར་ནི། བོད་ཀྱི་བཀྲ་ཤིས་ལོ་གསར་སོགས་ལ་བཀྲ་ཤིས་དུས་ཆེན་གྱི་རྟགས་དང་རྟེན་འབྲེལ་མཚོན་པར་བྱེད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ་དབུས་གཙང་ཁུལ་དུ་ཁྱབ་གདལ་ཆེ་བ། སྐྱེ་བོ་ཕོ་མོ་ཀུན་གྱིས་བསྔགས་པར་འོས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཀྱང་ཡིན། དེ་བཞིན་དབུས་གཙང་སོགས་ཡུལ་གྲུ་ཁག་གི་བགྲེས་དཀར་གྱི་འབག་དང༌། ལག་གཡས་ཀྱི་རྒྱུག་པ། ལག་གཡོན་དུ་ཐོགས་པའི་ཕོར་པ་སོགས་ཆེ་ཆུང་དང་རིང་ཐུང་ཙམ་ལས་རྩ་བའི་དབྱེ་བ་གང་ཡང་མེད། འོན་ཀྱང་བགྲེས་དཀར་གྱི་བཤད་པའི་ཚིག་ལ་ཡུལ་ལུང་སོ་སོར་རྒྱས་བསྡུས་དང་བཤད་སྲོལ་མི་འདྲ་བ་མང་བས། འདིར་ལྷ་ས་ཁུལ་གྱི་བགྲེས་དཀར་གྲགས་ཅན་འབའ་ཞིག་གིས་བཤད་པའི་ཚིག་གཙོ་བོ་མདོར་ཙམ་བཀོད་པ་ཞིག་ཡིན།།


3 comments:

  1. ཁྱེད་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག
    ང་ལ་ཁམས་ལྷ་ཐོག་གི་བུ་མོ་ཡེ་ཤེས་དཔལ་མཚོའི་བརྙན་གཞས་དེ་པར་བཤུ་བྱེད་ཆོག་པ་ཞིག་དང་། བྱེད་སྟངས་ཤིག་ལམ་སྟོན་གནང་རོགས། གློག་འཕྲིན་ཁ་བྱང་གཤམ་གསལ་ལྟར་ཡིན། monlambon@gmail.com ཁྱུངཿསྨོན་ལམ་པས་ཕུལ།

    ReplyDelete
  2. ཁྱེད་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག
    ང་ལ་ཁམས་ལྷ་ཐོག་གི་བུ་མོ་ཡེ་ཤེས་དཔལ་མཚོའི་བརྙན་གཞས་དེ་པར་བཤུ་བྱེད་ཆོག་པ་ཞིག་དང་། བྱེད་སྟངས་ཤིག་ལམ་སྟོན་གནང་རོགས། གློག་འཕྲིན་ཁ་བྱང་གཤམ་གསལ་ལྟར་ཡིན། monlambon@gmail.com ཁྱུངཿསྨོན་ལམ་པས་ཕུལ།

    ReplyDelete
  3. ཁྱེད་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག
    ང་ལ་ཁམས་ལྷ་ཐོག་གི་བུ་མོ་ཡེ་ཤེས་དཔལ་མཚོའི་བརྙན་གཞས་དེ་པར་བཤུ་བྱེད་ཆོག་པ་ཞིག་དང་། བྱེད་སྟངས་ཤིག་ལམ་སྟོན་གནང་རོགས། གློག་འཕྲིན་ཁ་བྱང་གཤམ་གསལ་ལྟར་ཡིན། monlambon@gmail.com ཁྱུངཿསྨོན་ལམ་པས་ཕུལ།

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།