”-མཚོ་སྔོན་པོའི་རླབས་སྒྲ”----མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་ལེགས་སྐྱེས་སུ་ཕུལ།




མཚོ་སྔོན་པོ་རླབས་སྒྲའི་གཙོ་ངོས་ཀྱི་པར་རིས།
 ཟླ11པའི་ཚེས28ཉིན། མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་བཀྲ་ཤིས་དུས་སྟོན་འདིར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག  བགྲང་བྱ་དུ་མའི་རིང་དྲ་གྲོགས་རྣམ་པས་ངེད་དྲ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད་དུ“མཚོ་སྔོན་པོའི་རླབས་སྒྲ”(http://music.amdotibet.com) ཞེས་པའི་གླུ་གཞས་དྲ་ཚིགས་ཤིག་དྲ་གྲོགས་ཡོངས་ཀྱི་རྣ་བའི་བདུད་རྩིའི་དཔལ་དུ་ལེགས་སྐྱེས་སུ་ཕུལ་བ་ཡིན།
 མཚོ་སྔོན་པོའི་རླབས་སྒྲ་ནི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་རྣམ་པ་ལས་བརྒལ་བའི་གླུ་གཞས་དྲ་ཚིགས་གསར་པ་གསར་རྐྱང་ཞིག་ཡིན་ཞིང་། ཚན་རིག་གི་སྨིན་འབྲས་དང་། བློ་གྲོས་ཀྱི་དྭངས་མ། གསར་སྐྲུན་གྱི་ཉིང་བཅུད་བཅས་ལས་གྲུབ་པའི་ཐུན་མོང་མ་ཡིན་པའི་གླུ་གཞས་དྲ་ཚིགས་ཤིག་ཏུ་ལགས། དྲ་ཚིགས་འདིའི་སྟེང་ཐོ་འགོད་བྱས་པའི་དྲ་གྲོགས་རྣམས་ཀྱིས་དེ་ལས་གླུ་གཞས་མཐའ་དག་ཅི་དགར་ཉམས་སུ་མྱོང་ཐུབ་པར་མ་ཟད། དྲ་བ་འདི་གའི་འཛུགས་སྐྲུན་ཁྲོད་ཞུགས་ནས་འཚར་ལོངས་འབྱུང་བའི་རིམ་པ་རེ་རེ་དང་རྔུལ་ཆུའི་ཟེགས་མ་རེ་རེ་ཡང་མྱོང་ཐུབ་པས་ང་ཚོ་ཐུན་མོང་གིས་སྐྲུན་བཞིན་པའི་གླུ་གཞས་གར་སྟེགས་ཤིག་དང་གཉིས་སུ་མ་མཆིས་ཤིང་། མཚོ་སྔོན་པོ་དྲ་བའི་གློད་ཡངས་དང་། གསར་གཏོད། འཆམ་མཐུན་བཅས་ཀྱི་ཁྱད་ཆོས་ཀུན་གྱི་མཐོང་ལམ་དུ་མངོན་པར་གསལ། དེའི་མཚུངས་སུ་གླུ་གཞས་རྩོམ་སྒྲིག་གི་དོན་གཉེར་བའི་ལས་རིགས་དང་། གཉུག་གནས་གླུ་གཞས། གླུ་བ་གླུ་མ་སོགས་ཁྱབ་སྒྲོག་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཞིང་། ཐོ་འགོད་བྱས་པའི་དྲ་གྲོགས་རྣམས་ཀྱིས་དོ་དམ་ལྟེ་གནས་བརྒྱུད་དེ་དྲ་རྒྱའི་ཟིན་ཐོ་འགོད་པ་དང་། པར་ཚོགས་སྒྲིག་པ། གཞས་འབྲུ་ལེགས་སྒྲིག་བྱེད་པ་སོགས་སོ་སོའི་འདོད་མོས་ལྟར་མངོན་འགྱུར་བྱེད་ཐུབ།
2011ལོ་ནི་མཚོ་སྔོན་པོ་དྲ་བ་རིམ་གྱིས་ནར་སོན་པའི་ལོ་ཟླ་ཞིག་ཡིན་ཞིང་། ཁྲིམས་ལུགས་ལ་བརྩི་འཇོག་དང་། ཆ་འཕྲིན་གྱི་གྲངས་ཚད་དང་སྤུས་ཚད་མཐོར་འདེགས་བྱས་པ། ཆེད་དོན་གང་མང་སྤེལ་བ་དང་དྲ་བ་ཆེ་ཤོས་དག་བཙུགས་པ། ཟིན་བྲིས་དོ་དམ་བྱས་པ། དེ་མིན་མཚོ་སྔོན་པོ་ཞེས་པའི་མཚོན་རྟགས་ལེགས་པོར་བསྐྲུན་པ་སོགས་བརྩོན་འགྲུས་ཀྱི་འདེགས་འཇོག་ལས་འབྲས་བུ་མཚར་དུ་དངར་བ་ཐོན་པས། མཚོ་ལྷོ་ཁུལ་སྲིད་གཞུང་ད་ང། རྒྱ་ཆེ་བའི་དྲ་གྲོགས་ཀྱི་ཚོགས། ལས་རིགས་སོ་སོ་བཅས་ཀྱི་གདེང་འཇོག་མི་དམན་པ་ཐོབ། ལོ་སྟོད་དུ་མཚོ་སྔོན་པོ་དྲ་རྒྱས་ཁྲི་ཀའི་གནས་སྐོར་ཁྱབ་སྒྲོག་བྱེད་པའི་ཐད་ལ་འབྲས་བུ་ལེགས་པོ་བླངས་པས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས2010ལོའི་ཁྲི་ཀའི་གནས་སྐོར་ཕྱོགས་བསྡུས་འདོན་སྤེལ་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་སྔོན་ཐོན་ཚོགས་པའི་མཚན་སྙན་གནང་། བོད་ཡིག་གི་ཆ་འཕྲིན་ཕྱོགས་བཞིར་སྤེལ་བའི་ཐད་ལ་གྲུབ་འབྲས་ལེགས་པོ་ཐོན་པ་སྟེ། མཚོ་སྔོན་པོ་བོད་ཡིག་དྲ་བ་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐོ་འགོད་བྱེད་མཁན་མི3000ལྷག་ལ་སླེབས་ཤིང་། ཉིན་རེར་སྤེལ་བའི་ཟིན་བྲིས་ཆ་སྙོམས110ལྷག་ལ་སླེབས་པས་རྒྱལ་ནང་གི་བོད་ཡིག་ཟིན་བྲིས་གྲངས་ཚད་ཀྱི་ཡངས་རྩེར་སོན། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བདེ་བླག་ངང་འཕེལ་རྒྱས་བྱུང་བ་འདིས་བོད་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་གྱི་དུས་རབས་དང་མཉམ་དུ་སྐྱོད་ཐུབ་པས་འཛམ་གླིང་གི་སྔོན་ཐོན་ཡིག་རིགས་ཀྱི་གྲས་སུ་ཚུད་པར་དགེ་མཚན་བསྐྲུན་པ་དང་མཉམ་དུ། བོད་སྐད་ཡིག་གི་བཀོལ་སྤྱོད་དང་འཕེལ་རྒྱལ་ལ་སྐུལ་སྤེལ་གྱི་ནུས་པ་ཐོན་གཤིས། མཚོ་ལྷོ་ཁུལ་གྱིས་བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐུན་རྐྱེན་ཀུན་ལས་འཕགས་པ་བསྐྲུན་ཡོད་པའོ།
མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་སྐབས་འདི་དང་བསྟུན་ནས། དྲ་རྒྱའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་དུས་དང་རྣམ་པ་ཀུན་དུ་བརྩོན་པའི་རྔུལ་ཆུ་གང་མང་བཏོན་མྱོང་བའི་བོད་ཁུལ་གྱི་སྨྱན་བྱད་དང་། ལས་ཁུངས། སློབ་གྲྭ་སོ་སོ་ན་ཡོད་པའི་གསར་འགོད་པ། དེ་མིན་ལྷག་སེམས་རྣམ་དག་གིས་ལེགས་རྩོམ་ཕུལ་བའི་སྐྱེས་བུའི་ཚོགས་ཀྱིས་ཆ་འཕྲིན་ཕུན་སུམ་ཚོགས་པོར་གཏོང་བ་དང་། མཚོ་སྔོན་པོ་དྲ་བའི་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་པ། གཞན་བོད་ཡུལ་ཆོལ་ཁ་གསུམ་གྱི་འཕེལ་རྒྱས་དང་འཕོ་འགྱུར་དྲིལ་སྒྲོག་བྱེད་པར་མཛད་རྗེས་བླ་ན་མེད་པ་བསྐྲུན་ཡོད་པས་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་ལས་གཞན་མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་དང་། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ། མཚོ་སྔོན་པོ་དྲ་བའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་གླུ་བ་གླུ་མ། དྲ་གྲོགས་བཅས་སུ་ལག་པའི་པདྨོ་སྙིང་ཁར་ཟུམ་སྟེ་ཐུགས་རྗེ་ཆེ་ཞུ་ཡིན་ནོ། །
 མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།