ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་གཞས་དགོང་ཚོགས་ཤིག་སྤེལ་པ།




          ཟླ11པའི་ཚེས24ཉིན།   མི་རིགས་རིག་གནས་མཉམ་སྤྱོད་དང་། འཆམ་མཐུན་སློབ་ར་མཉམ་སྐྲུན་ཞེས་པ་བརྗོད་བྱར་བཟུང་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་སློབ་ཁུལ་གསར་བ་རུ་སློབ་ཆེན་བོད་གཞས་དགོང་ཚོགས་འགྲན་བསྡུར་ཞེས་པའི་བྱ་འགུལ་ཆེན་པོ་ཞིག་སྤེལ་ཞིང་།  སློབ་གྲྭའི་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་།  སློབ་མའི་བྱ་སྒྲུབ་ལྟེ་གནས།  བདེ་སྲུང་ཁག   བོད་རིག་པའི་གླིང་།  སྒྱུ་རྩལ་གླིང་སོགས་སྡེ་ཁག་དང་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན།  དེ་མིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་དགེ་སློབ50ཉེ་བ་ཙམ་ཐེངས་འདིའི་དགོང་ཚོགས་ལ་ཞུགས་པ་རེད། 

          ཐེངས་འདིའི་བྱ་འགུལ་ཁྲོད་སྐད་ངག་ནི་ཚད་གཞི་ཉག་ཅིག་ཏུ་བཟུང་ཞིང་།  མི་རིགས་དང་སློབ་གླིང་། སློབ་ཁུལ། སློབ་རིམ།  ཕོ་མོ་སོགས་ཀྱི་དབྱེ་བ་མ་བཀར་པར་སློབ་གྲྭ་ཡོངས་སུ་བོད་གཞས་ལ་སྤྲོ་བའི་གླུ་བ་བསྡུས་པ་དང་།  སློབ་མ70ལྷག་གིས་འགྲན་བསྡུར་ལ་ཐོ་འགོད་བྱས་ཤིང་།  ཛ་དྲག་གི་འགྲན་བསྡུར་གོ་རིམ་བརྒྱུད་དེ་མཐའ་མར་སློབ་མ13རྟིང་རྩོད་འགྲན་བསྡུར་དུ་ཞུགས་པ་རེད།

          དགོང་ཚོགས་སྟེང་བོད་རིག་པའི་གླིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགྲན་བསྡུར་ལ་གཏམ་བཤད་གནང་ཞིང་དེའི་ནང་བསྟན་དོན།  ཐེངས་འདིའི་འགྲན་བསྡུར་ནི་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱེད་པ་དང་།  སློབ་རའི་རིག་གནས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་པ།  ན་གཞོན་སློབ་མ་རྣམས་ཀྱི་སྐྱེ་སྟོབས་འབར་བར་མཐུན་རྐྱེན་གང་ལེགས་བསྐྲུན་ཟེར།  དེའི་མུར་འགྲན་ཞུགས་གླུ་བ་རྣམས་ཀྱིས་ལྷན་དུ《རང་བྱུང་ལ་མོས་པ》ཞེས་པའི་བརྗོད་བྱའི་གླུ་གཞས་བཏང་ནས་བོད་རིགས་སྲོལ་རྒྱུན་བྱ་འགུལ་དངོས་སུ་འགོ་བརྩམས་པ་རེད།

          མཁར་གྲོང་འཛུགས་སྐྲུན་སློབ་གླིང་གི་སློབ་གྲོགས་བསོད་ནམས་ཟླ་བས《འཛོམས་པ་གཡང་མོ》དང་།  སྐྱེ་དངོས་ཚན་རིག་སློབ་གླིང་གི་སློབ་གྲོགས་བློ་བཟང་དོན་ཡོན་གྱིས《ལྷ་རི》། སྒྱུ་རྩལ་སློབ་གླིང་གི་སློབ་གྲོགས་དོན་འགྲུབ་དབང་མོས《བཀྲ་ཤིས་མཆོད་ཆང》། ཞི་བདེ་སློབ་ཁུལ་གྱི་པདྨ་ཚེ་བརྟན་གྱིས《བོད་སྤོས》།  བོད་རིག་པ་སློབ་གླིང་གི་སློབ་གྲོགས་ཀོའོ་པེ་སོས་ཀྱིས《གླུ་གར་གྱི་རྒྱ་མཚོ》དང་ནམ་མཁའ་ལྷ་མོས《ཤེས་སྟོབས་ལྷན་སྦྱར》།  རང་གྲོལ་བདེ་སྐྱིད་ཀྱིས《བོད་པའི་བུ་མོ》།  དེ་མིན་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་གི་སློབ་གྲོགས་རྡོ་རྗེ་ཡིས་ཡུལ་ཤུལ་དམངས་གཞས་སོགས་བཏང་ནས་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སྐྱིད་ཀྱིས་ཁེངས་པར་བྱས།

          སྒྱུ་རྩལ་སློབ་གླིང་གླུ་གཞས་སྡེ་ཁག་གི་དགེ་རྒན་ཚོའོ་ཧོང་པོའོ་ཡིས་དཔྱད་འདེམས་པའི་འགན་བཞེས་ཤིང་འགྲན་ཞུགས་པ13ལ་དཔྱད་འཇོག་གནང་བ་རེད། མཐའ་མར་བོད་རིག་པ་སློབ་གླིང་གི་སློབ་གྲོགས་ཀོའོ་པེ་སོས་ཀྱིས་བླངས་པའི《གླུ་གར་གྱི་རྒྱ་མཚོ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་ཅིང་།  སྐྱེ་དངོས་ཚན་རིག་སློབ་གླིང་གི་སློབ་གྲོགས་བློ་བཟང་དོན་ཡོན་གྱིས་ཨང་གཉིས་པ་དང་། བོད་རིག་པ་སློབ་གླིང་གི་སློབ་གྲོགས་ནམ་མཁའ་ལྷ་མོས་ཨང་གསུམ་པ་བླངས་པ་རེད། 

          བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་བན་གོ་སོགས་འབྲེལ་ཡོད་འགོ་ཁྲིད་དང་བྱ་འགུལ་ལ་ཞུགས་པའི་སློབ་གྲྭའི་ལས་འཛིན་སྡེ་ཁག་གི་འགོ་ཁྲིད།  ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་གི་བྱ་བའི་འགན་འཛིན་པ་བཅས་ཀྱིས་འགྲན་ཞུགས་པར་བྱ་དགའ་གནང་ཞིང་།  《བཀྲ་ཤིས་ཤོག》ཞེས་པའི་གླུ་གཞས་ལས་བྱ་འགུལ་ཡོངས་སུ་མཇུག་རྫོགས་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།