འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་གློག་བརྙན་གཉིས་ལ་བྱ་དགའ་ཐོབ་པ།



གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཅེས་པའི་ཁྱབ་སྒྲོག་པར་རིས།
          ཉེ་སྔོན། པེ་ཅིང་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་བསྐྲུན་པའི་གློག་བརྙན《སེམས་ཀྱི་ཁ་དོག》དང《སྐལ་བཟང་གི་གཟའ་མཇུག》གཉིས་ལ། ཧྲིན་ཀྲིན་གློག་བརྙན་དུས་སྟོན་སྟེང་ཁྱད་འཕགས་དངོས་ཞུའི་གློག་བརྙན་དང་། ཁྱད་འཕགས་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ། 
          གློག་བརྙན་འདི་གཉིས་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་གཞུང་བརྩམས་ཏེ་རང་ཉིད་ཀྱིས་འཁྲབ་ཁྲིད་བྱས་པ་ཞིག་ཡིན་ལ། 《སྐལ་བཟང་གི་གཟའ་མཇུག》ཅེས་པའི་དངོས་ཞུའི་གློག་བརྙན་འདི་ལས་བོད་རིགས་བྱིས་པ་ཞིག་གི་ཆེས་རང་བྱུང་དང་རྒྱུན་ལྡན་གྱི་གཟའ་མཇུག་འཚོ་བ་བརྒྱུད། བོད་རིགས་བྱིས་པའི་ཆེས་དྭངས་གཙང་གི་སེམས་ཁམས་དང་། ཆེས་བབས་ཆགས། གཞུང་དྲང་གི་བསམ་བློ་མངོན་པར་མཚོན་ཡོད། 《སེམས་ཀྱི་ཁ་དོག》ཅེས་པའི་གློག་བརྙན་འདི་ལས་མིག་ཟུང་ལོང་བར་གྱུར་བའི་བོད་རིགས་ན་གཞོན་གཉིས་ཀྱིས་འཚོ་བར་བཅངས་པའི་བརྩེ་ཞེན་དང་། མི་ཚང་མའི་སེམས་སུ་ཉི་འོད་ལྟ་བུའི་དགའ་སྣང་དང་དྲོད་འཇམ་བསྐྱལ་བ་ལས། འཇིག་རྟེན་འཚོ་བའི་རིན་ཐང་དེ་མིག་གིས་འཚོལ་དགོས་ལ། དེ་ལས་ཀྱང་གལ་ཆེ་བ་ནི་སེམས་ཀྱིས་འཚོལ་དགོས་པའི་བདེན་ལུགས་ཤིག་བསྟན་ཡོད།

གློག་བརྙན《སེམས་ཀྱི་ཁ་དོག》ཅེས་པའི་ཁྱབ་སྒྲོག་པར་རིས།
          གློག་བརྙན་འདི་གཉིས་ནི་ཀུང་ཀྲིག་གྲོང་ཁྱེར་དུ་བསྡུས་པའི་ཀྲུང་གོའི་མཐོ་རིམ་དངོས་ཞུའི་གློག་བརྙན་གླེང་སྟེགས་སྟེང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་གདེངས་འཇོག་དང་དཔྱད་བརྗོད་ཚད་མཐོན་པོ་བྱས།
མཚོ་སྔོན་པོ་དྲ།
          རྒྱུས་ལོན་པ་ལྟར་ན། འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས《སྒྲོལ་མའི་མགུལ་རྒྱན》དང《སྐལ་བཟང་གི་གཟའ་མཇུག》གཉིས་ཀྲུང་གོའི་ནུབ་བརྒྱུད་སློབ་གྲྭ་ཆེན་མོའི་གློག་བརྙན་དུས་ཆེན་དང་། སྐབས་ལྔ་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་གློག་བརྙན་དུས་སྟོན་སྟེང་ལའང་བདམས་ཐོན་བྱུང་བ་རེད།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།