རིག་འཛིན་སྒྲོལ་མའི་གླུ་ལེན་དགོང་ཚོགས།


ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོ་ཨ་རིའི་ཉུག་ཡོག་ཧའོ་ཐིར་སློབ་ཆེན་ནང་། གླུ་མ་རིག་འཛིན་སྒྲོལ་མས་གླུ་གཞས་ཆེད་ལེན་དགོང་ཚོགས་བསྡུ་རྒྱུ་རེད།


ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཨ་རིའི་ཉིན་རྒྱབ་ཆུ་ཚོད་ ༦ པའི་སྟེང་ཉུག་ཡོག་ཧའོ་ཐིར་སློབ་ཆེན་ནང་། སྙན་གྲགས་ཅན་གྱི་བོད་ཀྱི་གཞོན་སྐྱེས་གླུ་མ་རིག་འཛིན་སྒྲོལ་མ་ལགས་ཀྱི་གླུ་གཞས་ཆེད་ལེན་དགོང་ཚོགས་ཤིག་བསྡུ་རྒྱུ་ཡིན་པ་དང་། གླུ་གཞས་ཆེད་ལེན་དགོང་ཚོགས་དེ་ནི་ཁོ་མོ་ཐེངས་འདིར་ཨ་རིར་ཕྱོགས་བསྐྱོད་ཀྱི་སྐབས་དང་བསྟུན་ནས། ཁོ་མོའི་གླུ་གཞས་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་བསྡོད་གྲོགས་པོ་རྣམས་ལ་ཆེད་དམིགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག

གླུ་མ་རིག་འཛིན་སྒྲོལ་མའི་གླུ་ལེན་དགོང་ཚོགས་དེ་ནི། ཕྱིའི་རྒྱལ་ཁབ་ནང་ཁོ་མོས་གླུ་གཞས་ཆེད་ལེན་དགོང་ཚོགས་བསྡུས་པ་ཐོག་མ་དེ་ཆགས་ཡོད་ལ། དགོང་ཚོགས་ཀྱི་འཛིན་བྱང་རིན་གོང་ཨ་སྒོར་ ༣༠ ཡིན་པ་དང་།   ཐེངས་འདིའི་གླུ་གཞས་ཆེད་ལེན་དགོང་ཚོགས་ཐོག་བསྡུ་ཉར་བྱུང་བའི་དངུལ་རྣམས།  ཁོ་མོ་རང་ཉིད་ཀྱིས་ཕ་ཡུལ་དཔའ་རིས་ས་ཁུལ་དུ་སློབ་གསེང་སྐབས་སྒྲུབ་བཞིན་པའི་བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་དག་གི་ཆེད་དུ་གཏོང་རྒྱུ་ཡིན་འདུག

གླུ་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས།  ཉེ་བའི་ལོ་ངོ་གཉིས་གསུམ་གྱི་ནང་དཔའ་རིས་ས་ཁུལ་གྱི་གྲོང་གསེབ་ཁག་བཅུ་གཉིས་ལྷག་ནང་།  ཁྱོན་བསྡོམས་བོད་རིགས་བྱིས་པ་ ༦༠༠ ཙམ་ལ་ལོ་རེའི་དགུན་ཁའི་གུང་གསེང་སྐབས་བོད་ཡིག་འཛིན་གྲྭ་སྒྲུབ་ཏེ།  སྙུ་གུ་དང་འབྲི་དེབ། ཀློག་དེབ་སོགས་སློབ་ཆས་ཚང་ཁོ་མོ་རང་ཉིད་ཀྱིས་མཐུན་སྦྱོར་གནང་བཞིན་ཡོད་པ་དང་། འཛིན་ཁང་གི་ཐད་ནས་ས་གནས་སོ་སོའི་གནས་བབ་བསྟུན་ནས་གཞུང་སློབ་ཁང་དང་ཁྱིམ་ཚང་གི་སྦྲ་གུར་སྡོད་ཁང་སོགས་རང་ངོས་ནས་གྲ་སྒྲིག་བཞིན་ཡོད་པ་རེད།

དཔའ་རིས་བལ་བཟའ་བཀྲ་ཤིས་དཔལ་ཡོན་སྡེ་བའི་གྲོང་གསེབ་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་གླུ་མ་འདིས། བོད་ཤར་ཕྱོགས་རྒྱ་བོད་མཐའ་མཚམས་ཁུལ་གྱི་དཔའ་རིས་ས་ཆའི་གྲོང་གསེབ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གསར་བ་ཞིག་སྐྲུན་བཞིན་ཡོད།

ཚོགས་ཡུལ་ས་གནས་ཁ་བྱང་།

Hunter College
425 E 25th St First Ave, Manhattan NY 10010

Direction: subway #6 to 23 ST.

འབྲེལ་བ་གནང་ཡུལ་ཁ་པར་ཨང་གྲངས། ༦༤༦ ༤༢༡ ༩༥༥༨ (             646-421-9558      )

གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།