མགོ་ལོག་གི་གླུ་བ་དགེ་ལེགས་ངོ་སྤྲོད་གནད་བསྡུས།


མགོ་ལོག་གི་གླུ་བ་དགེ་ལེགས་ངོ་སྤྲོད་གནད་བསྡུས།
མགོ་ལོག་གི་གླུ་བ་དགེ་ལེགས།
         གནའ་སྔ་མོ་སྔ་མོའི་དུས་ནས་གངས་རྫ་གཡའ་སྤང་གི་རི་འདབས་བརྒྱུད། འབྲུག་སིང་སིང་རྨ་རྒྱལ་ལྷོ་ནས་གྲགས།། ཆར་སིལ་མ་འབབ་ཀི་རྟེན་འབྲེལ་རེད།།ཅེས་འབྲོག་གླུ་དབྱངས་རིང་མས་སྣང་བ་སྐྱིད་ལ་སྐུར་ཏེ་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བས་དུས་རབས་བརྒལ་བའི་ཡུལ་མགོ་ལོག་པའི་འབྲོག་གླུའི་རྒྱུད་འཛིན་པ་གླུ་བ་དགེ་ལེགས་ནི།  1964ལོར་སི་ཁྲོན་རྔ་ཡུལ་དུ་སྐྱེས་ཤིང་ལོ་ངོ་བདུན་གྱི་སྟེང་མགོ་ལོག་ཁང་སར་དུ་ཡོང་། སྐབས་དེའི་གནས་བབ་ལ་བསྟུན་རང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ནས་ཐོན་པའི་རྫི་གླུའི་དབྱིངས་འགྲོས་དང་
འགྲོགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་ལས་ལ་བྲེལ་རྒྱུ་ལས་སློབ་གླིང་གི་སྒོ་ཐེམ་འགྲིམ་པའི་སྐལ་བ་མ་ཐོབ་མོད།  འོན་ཀྱང་རང་གི་ཞང་བོ་ལས་བོད་ཡིག་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ཙམ་བྱང་རྗེས་རང་སྦྱོང་གིས་བོད་ཀྱི་དཔའ་བོའི་མི་སྣའི་རྟོགས་བརྗོད་གླིང་རྗེ་གེ་སར་གྱི་སྒྲུང་དང་། དྲི་མེད་ཀུན་ལྡན། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་སོགས་ལ་དོན་གཉེར་ཆེན་པོས་དཔེ་ཀློག་དང་དབྱངས་ལ་བསྐྱོན་ཏེ་གྱེར་ལེན་ཡང་ཡང་བྱས་པས་ཁོར་ཡུག་གི་རྒན་གཞོན་མང་པོའི་སེམས་ལ་དགའ་སྐྱོའི་བག་ཆགས་ངེས་ཅན་ཞིག་ཐེབས་ཏེ་ཁོ་ལ་གླུ་བ་ཞེས་པའི་མིང་ཞིག་རང་བཞིན་ཤུགས་ཀྱིས་བཏགས་པས། ཁོའི་སེམས་ཀྱི་དགའ་ཁ་འཁྱེར་ཕྱོགས་ཀྱང་གླུ་གར་ལ་རེ་བས་ཁྲིད་དེ། བོད་ཀྱི་སྒྲ་སྙན་རྡུང་ལེན་མཁན་སློབ་དཔོན་དགེ་རྒན་ལ་བརྟེན་ནས་རྡུང་ལེན་གྱི་ལམ་ལ་གོམ་པ་སྤོས། དུས་དེ་ནས་བཟུང་སྒྲ་སྙན་རྡུང་ལེན་ལ་བརྩོན་པ་ཤུགས་དྲག་གིས་སྦྱང་བ་བྱས་པ་ན།  ཁོའི་འབད་བརྩོན་གྱིས་འབྲས་བུས་སྲིད་པའི་ཟོ་དོར་གཉན་པོ་གཡུ་རྩེའི་ཁོར་ཡུག་ཏུ་འབྲོག་གླུའི་རྨང་གཞི་བརྟན་ཞིང་རྡུང་ལེན་གྱི་དབྱངས་རོལ་འཛོམས་པའི་རྡུང་ལེན་པ་དགེ་ལེགས་ཞེས་པའི་གྲགས་པ་ཞིག་ཐོབ་མགོ་བརྩམས་པར་མ་ཟད། 1993ལོར་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པའི་ནང་འདེམས་ཐོན་བྱུང་སྟེ།  མཐོ་སྒང་གི་རི་ཆུའི་མཛེས་སྡུག་ལ་འཁྲི་བའི་འབྲོག་གླུའི་དབྱངས་སྙན་དེ་གློག་འོད་ཀྱིས་རྣམ་པར་མཛེས་པའི་གར་སྟེགས་ཤིག་གི་ཁྱད་ཆོས་ཀྱི་སྣོན་མར་གྱུར།

གླུ་བའི་གསབ་སྦྱོང་འཛིན་གྲྭ་སྐྱོང་བའི་རྣམ་པ།
         1994ལོར་ཁོས་ཡང་བསྐྱར་ཨ་མདོའི་རྡུང་ལེན་ཆེད་མཁས་པ་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་བསྟེན་ཏེ་སྒྲ་སྙན་རྡུང་ལེན་ལ་ཆེད་སྦྱོང་དཔྱིས་ཕྱིན་མཛད་པ་དང་། ལོ་དེར་ཁོའི་ཕ་ཡུལ་གངས་ལྗོངས་ལ་རང་གི་སྐད་ངག་སྙན་མོས་ཕུལ་བའི་ལེགས་སྐྱེས་ཐོག་མ། མགོ་ལོག་ཁུལ་ལོ་འཁོར་བཞི་བཅུའི་དགའ་སྟོན་མཛད་སྒོའི་དྲན་རྟེན་དུ་བཏེགས་པའི་སྒྲ་ཐག་ཐོག་མ《ཨ་མྱེ་རྨ་ཆེན》ཞེས་པར་བརྒྱུད་དེ་ཕུལ་བས་བོད་ཁུལ་སྤྱིའི་དགའ་བསུ་ཆེན་པོ་ཐོབ། དེ་ནས་བཟུང་ཁོས་བླངས་པའི་འབྲོག་གླུ་དང་རྡུང་ལེན་གངས་རིའི་ལྗོངས་ཀྱི་ཁོར་ཡུག་ཡོངས་སུ་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་ཏུ་འཁྱིལ་བ་དང་།  1995ལོར་མདོ་ཁམས་ཡུལ་གྱི་སྐབས་དང་པོའི་རྡུང་ལེན་འགྲན་ཚོགས་སྟེང་ཞུགས་པར་རྡུང་ལེན་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་།  1996ལོར་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་ཡུལ་སྐོར་དུས་ཆེན་དམངས་གླུ་འགྲན་ཚོགས་སྐབས་སུ་ཨང་གཉིས་པའི་བྱ་དགའ་ཐོབ་པ་སོགས་ཀྱིས་སྐུལ་ཤུགས་འོག་ནས་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པའི་ལས་ཞོར་དུ་སྔ་རྗེས་བྱས་ཏེ། སྒྲ་ཐག་དང་ཟེར་སྡེར60ལྷག་བརྒྱུད་སྙན་འཇེབས་ཀྱི་དབྱངས་རྟ་ལ་དྲངས་ཏེ་དགོན་སྡེ་དང་དམངས་ཁྲོད་ངག་རྒྱུན་ནས་དར་བའི་སྲོལ་རྒྱུན་གྱི་ཚུལ་ལྡན་པའི་འབྲོག་གླུ་དང་དམངས་ཁྲོད་རྡུང་ལེན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྟ་སོགས་འགྲེམ་སྤེལ་བྱས་ནས་བོད་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལུས་ཀྱི་ངལ་རྩོལ་དང་། སེམས་ཀྱི་སྐྱོ་སྡུག་སྣ་ཚོགས་ལ་ངལ་གསོའི་གོ་སྐབས་སྟེར་མྱོང་བ་དང་། ཁྱད་པར་དུ་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་སོགས་ཀྱི་གླུ་གར་འཁྲབ་ཁྲིད་པ་དང་། བོད་ཀྱི་དཔའ་བོའི་མི་སྣའི་ལོ་རྒྱུས་ཟློས་གར་ཆེན་མོའི་འཁྲབ་གཞུང་རྟ་རྒྱུག་རྒྱལ་འཇོག་དང་། ཤན་འདན་སྟག་སེང་ཁ་སྤྲོད། སྙན་ངག་གླུ་གར་གླིང་གེ་སར་བྲོ་ར་ཆེན་མོ་སོགས་ཀྱི་གླུ་མགུར་ལེན་མཁན་དང་སྐད་སྦྱོར་བའི་གཙོ་འགན། ཟློས་གར་མང་པོར་དབྱངས་དང་རོལ་མོའི་ཁ་སྟོན་མཁན། ཟློས་གར་སྐབས་གླིང་རྗེ་གེ་སར་དང་། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་འཁྲབ་སྟོན་པའི་འགན་རྒྱུན་ཆགས་སུ་བླངས་པར་རིམ་པ་གོང་འོག་གི་གཟིགས་རྟོགས་མཁན་སོ་སོའི་དགའ་བསུ་དང་ལེན་རྒྱ་ཆེན་ཐོབ།

རོལ་མོ་དཀྲོལ་བའི་ཉམས་མྱོང་དམར་ཁྲིད་ཀྱི་རྣམ་པ།
         བརྒྱུད་རིམ་དེ་དག་གི་གནས་ཚུལ་མགོ་ལོག་བརྙན་འཕྲིན་ཁང་གི་རྨ་ཡུལ་གངས་གླིང་ལེའུ་ཚན་དང་། མཚོ་སྔོན་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་སྟེང་སོགས་ནས་བཅར་འདྲི་དང་ཁྱབ་སྒྲོག་བྱས་མྱོང་།  ཁོང་ལ་མཚོན་ན་འབྲོག་གླུ་ལེན་མཁན་དང་རྡུང་ལེན་པ་རྐྱང་བ་ཙམ་མ་ཡིན་པར། རོལ་ཆ་དཀྲོལ་སྟངས་ཀྱི་ཐད་ནས་ཀྱང་། མངའ་རིས་ཀྱི་སྒྲ་སྙན་དཀྲོལ་སྟངས་དང་། དིང་རིའི་དཀྲོལ་སྟངས། ལྷ་རྩེའི་དཀྲོལ་སྟངས། ལྷ་སའི་དཀྲོལ་སྟངས། ཀོང་པོའི་དཀྲོལ་སྟངས། ཨ་མདོའི་དཀྲོལ་སྟངས་སོགས་ཀྱི་ཚུགས་དང་ཉམས་མྱོང་ཡོད།  དེ་བཞིན་དུ་དབྱངས་ཀྱི་འགྱུར་ཁུགས་དང་། རིང་ཐུང་། རྩ་བའི་དབྱངས་ལེན་ཚུལ་སོགས་ལ་བྱང་ཆ་དོད་པོ་ཡོད་པས། ཁོས་ལོ་ངོ་དུ་མའི་རིང་མགོ་ལོག་ཁུལ་མི་རིགས་གླུ་གར་ཁང་གི་གླུ་གར་སློབ་སྟོན་གྱི་རྐང་འཛིན་པ་དང་། གཞན་ས་གནས་སོ་སོ་དང་མི་སྒེར་སོགས་གླུ་གར་རྡུང་ལེན་ལ་སྤྲོ་སྣང་ཆེ་མཁན་དག་ལ་དུས་རྒྱུན་གླུ་ལེན་སྟངས་དང་། རོལ་མོ་དཀྲོལ་སྟངས། དབྱངས་རོལ་གྱི་ཚུགས་སོགས་སློབ་ཁྲིད། གསབ་ཁྲིད། ཉམས་མྱོང་ཁ་གསབ། དངོས་སྦྱོང་སྣེ་ཁྲིད་སོགས་ཀྱི་འགན་བླངས་ཏེ།  ཁོར་ཡུག་གི་གླུ་གར་རྡུང་ལེན་ལ་སྤྲོ་སྣང་ཆེ་བའི་གཞོན་སྐྱེས་མི་ཉུང་བ་ཞིག་བསྐྱེད་བསྲིང་གི་བྱས་རྗེས་བཞག་ཡོད།

གསབ་སྦྱོང་སྐབས་ཤིག་གི་དགེ་སློབ་མཉམ་དུ་བླངས་པའི་པར། མཚོ་སྔོན་པོ་དྲྭ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།