རྡུང་ལེན་མཁན་པོ་དཔལ་མགོན་ལགས་ལ་བཅར་འདྲི་བྱས་པ།


弹唱艺人华尔贡
མཚོ་སྔོན་པོ་དྲ་བས་རྡུང་ལེན་མཁན་པོ་དཔལ་མགོན་ལགས་གདན་དྲངས་ནས་བཅར་འདྲི་བྱེད་བཞིན་པ།
  བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ལགས་ནི། སྤྱི་ལོ1949ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་མཁར་ཆེན་ཚོ་
བར་སྐྱེས་ཤིང་། 1970ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཁག་ནས་མཐར་ཕྱིན་ཏེ་སྨན་པའི་ལས་གནས་ལ་ཞུགས། ད་ལྟ་རྒྱལ་ཁབ་རིམ་པའི་ཀན་ལྷོའི་དམངས་གླུའི་རྒྱུན་འཛིན་པ་དང་། ཀན་སུའུ་ཞིང་ཆེན་རིག་གནས་མཐུན་ཚོགས་དམངས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀན་ལྷོ་ཁུལ་རིག་གནས་མཐུན་ཚོགས་དམངས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་ལྷོ་ཁུལ་བརྙན་པར་མཐུན་ཚོགས་ཀྱི་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། མཚོ་སྔོན་པོ་དྲ་བས་ཁོང་ཉིད་མཚོ་ལྷོ་རུ་ཕེབས་པའི་གླགས་བཙལ་ཏེ་ཆེད་དུ་གདན་དྲངས་ནས་བཅར་འདྲི་བྱས་པ་ཡིན།
  གསར་འགོད་པ། 1970ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཁག་ནས་མཐར་ཕྱིན་ཏེ་སྨན་པའི་ལས་རིགས་ལ་ཞུགས། དེའི་ཞོར་ནས་རྡུང་ལེན་སྒྱུ་རྩལ་གྱི་ལམ་ལ་ཞུགས་ཏེ་རྡུང་ལེན་གྱི་དབྱངས་རྟ་གསར་བ་དང་། སྒྲ་ཐག  འོད་སྡེར་སོགས་བརྩམས་ཆོས་མང་པོ་ཞིག་འགྲེམ་སྤེལ་བྱས་ནས་བོད་ཁམས་སུ་ཀུན་གྱིས་སྒྲ་སྙན་རྡུང་ལེན་གྱི་མཁན་པོ་ཞེས་པའི་མཚན་སྙན་གསོལ་འདུག  དེ་བས་རྒན་ལགས་སྒྱུ་རྩལ་གྱི་ལམ་ལ་ཞུགས་པའི་འདུན་པ་ཞིག་ཇི་ལྟར་སྐྱེས་པ་ཡིན། 
  དཔལ་མགོན། ང་ལ་མཚོན་ན་སྐྱེས་ས་སྐྱེས་ཡུལ་ཀན་ལྷོ་རྨ་ཆུ་ཡིན་ཞིང་། ཆུང་དུས་ནས་ཕྱུགས་རྫི་ལུག་རྫི་ལ་འགྲོ་དུས་གླུ་ལེན་རྒྱུར་དགའ་མོས་ཆེན་པོ་ཡོད། ཕྱིས་སུ་སློབ་གྲྭར་འགྲིམ་རྗེས་གཙོ་བོ་གསོ་རིག་ལ་སློབ་གཉེར་བྱས་ལ། སློབ་མཐར་ཕྱིན་རྗེས་སྨན་པའི་ལས་གནས་ལ་ཞུགས་ཀྱང་། རང་ཉིད་སྒྲ་སྙན་དང་གླུ་ལེན་རྒྱུར་ཧ་ཅང་སྤྲོ་བས་ལས་ཀའི་ཞོར་དུ་སྒྲ་སྙན་རྡུང་ལེན་དེ་ཐེད་དུ་མ་བོར་བར་མུ་མཐུད་དུ་སྦྱངས་བ་བྱས་པ་ཡིན། ལོ་སར་དང་སྟོན་མོ་སོགས་གླུ་ལེན་གར་རྩེད་ཀྱི་སྐབས་སུ་ཡུལ་མི་ཀུན་ངའི་གླུ་ལ་ཉན་རྒྱུར་སྤྲོ་བ་འདུག་པས་ཁོང་ཚོའི་རེ་བ་ལྟར་གླུ་རེ་བླངས་པ་དང་། དེ་ནས1978ལོར་མཚོ་སྔོན་རྒྱང་སྒྲོག་ཁང་གི་གདན་ཞུ་ལྟར་དེར་སོང་ནས《གངས་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བོ》དང《ན་ཟླ་ཚོ》སོགས་གླུ་བཞི་བླངས་ཤིང་། ཁོང་ཚོས་དེ་དག་སྒྲ་རུ་ཕབ་ནས་ལ་ལུང་བ་ཀུན་ཏུ་གཏོང་བཞིན་འདུག  
  དེའི་རྗེས་སུ་ཀན་ལྷོ་རྒྱང་སྒྲོག་ཁང་གིས་གདན་ཞུ་ལྟར་དེར་སོང་ནས་གླུ་རེ་ལེན་ཁུལ་བྱས་པར་བརྒྱུད་ནས་རིམ་བཞིན་སྒྲ་སྙན་རྡུང་ལེན་གྱི་ལམ་དུ་ཞུགས། རང་མི་རིགས་འདི་ནི་ཕ་མེས་ཡང་མེས་ཀྱི་དུས་ནས་བཟུང་གླུ་ལེན་གར་རྩེད་ལ་དགའ་མགུ་ཆེ་ཞིང་ཧ་ཅང་བྱང་བའི་མི་རིགས་ཤིག་ཡིན་པས། དམངས་ཁྲོད་ཀྱི་དུས་སྟོན་སོགས་ཀྱི་སྐབས་སུ་གླུ་ལེན་གར་རྩེད་སོགས་སྲོལ་རྒྱུན་རིག་རྩལ་འཁྲབ་སྟོན་མང་དུ་མཆིས་ཤིང་། དེར་ཐེངས་མང་པོར་ཞུགས་པ་ཡིན། ལྷག་པར་དུ་ལན་ཇུ་རུ་ལོ་གཅིག་ནས་ལོ་གཉིས་ཙམ་ལ་རོལ་དབྱངས་ལ་སློབ་སྦྱོང་བྱས་པ་དང་། དུས་དེར་གུང་ཐང་སྐུ་ཕྲེང་དྲུག་པ་ཚང་ཡང་ལན་ཇུ་རུ་བཞུགས་ལ། ཁོང་ཉིད་བོད་ཀྱི་སྲོལ་རྒྱུན་གྱི་རྡུང་ལེན་དཀྲོལ་སྟངས་སོགས་ལ་ཧ་ཅང་མཁས་ཤིང་། ཁོང་གིས་དཀྲོལ་བའི་སྒྲ་སྙན་ཤིན་ཏུ་སྙན་པོ་འདུག ཁོང་ཉིད་ཀྱིས་ང་ལ་མུ་མཐུད་དུ་རྡུང་ལེན་དཀྲོལ་པར་ཡང་ནས་ཡང་དུ་བསྐུལ་བ་དང་མཉམ་དུ། ང་ལ་བོད་ཀྱི་སྲོལ་རྒྱུན་གྱི་སྒྲ་སྙན་རྡུང་སྟངས་དམར་ཁྲིད་གནང་མྱོང་། དེ་བས་ནམ་རྒྱུན་གུང་གསེང་དང་ཁོམ་ལོང་བྱུང་དུས་ཁོང་ཉིད་ཀྱི་སྐུ་མདུན་དུ་སོང་ནས་སྒྲ་སྙན་དཀྲོལ་བ་ཡིན། 
  དེ་ནས་བྲེལ་ཆེ་བའི་ལས་ཀའི་བར་མཚམས་སུ་རྒྱང་སྒྲོག་ཁང་དུ་སོང་ནས་སྒྲ་ཕབ་པ་དང་། སྐབས་རེར་དམངས་གླུ་ནང་ལ་བཞག་ནས་དབྱངས་རེ་བརྩམས་པ་ཡིན། ང་རང་ལ་མཚོན་ན་ཆུང་དུས་ནས་རྒྱུད་གཤིས་ཤིག་གིས་དབྱངས་བརྩམས་ན་ལེགས་པོ་འཁྱོངས་བ་དང་། ངའི་ཕ་ལགས་ལ་སྐད་ངག་སྙན་མོ་ཞིག་ལྡན་ཞིང་ཁོང་གླུ་ལེན་རྒྱུར་དགའ་བས་རྒྱུན་ཏུ་ཡུལ་ཕྱོགས་སུ་བསྡུ་བའི་དུས་སྟོན་སོགས་ཀྱི་སྟེང་གླུ་ལེན་གྱིན་འདུག དེས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཅིང་། སྙན་མོ་གླུ་ཡི་འགྱུར་ཁུགས་ཉམས་སུ་ལེན་པའི་ས་བོན་ཐོག་མ་གནང་བྱུང་། 
  གདུ་བྷེ་ནི་ངའི་སློབ་མ་ཐོག་མ་ཡིན་ལ།  ཁོང་སློབ་འབྲིང་འགྲིམ་པའི་སྐབས་སུ་ངའི་གམ་དུ་ཡོང་བ་ནས། ཟླ་བརྒྱད་ཡས་མས་ཤིག་ལ་སྒྲ་སྙན་སློབ་སྦྱོང་བྱས། དེའི་རྗེས་གངས་བཞུགས་དང་། གཡང་དྲུང་རྒྱལ། རྡོ་རེད་སོགས་ལ་སྒྲ་སྙན་ཁྲིད་པར་བརྒྱུད་ནས་བོད་ཀྱི་སྒྲ་སྙན་འདི་ཇེ་རྒྱས་ཇེ་དར་དུ་སོང་བ་དང་ཆབས་ཅིག རྒྱང་སྒྲོག་དང་བརྙན་འཕྲིན་ཁང་སོགས་བརྒྱུད་ནས་སྒྲ་སྙན་འདི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཏང་བས་རིམ་བཞིན་ཁྱབ་བརྡལ་དུ་སོང་བ་རེད།

མཚོ་ལྷོ་ཁུལ་གྱི་རྡུང་ལེན་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་བཞིན་པ།
  གསར་འགོད་པ། སྒྲ་སྙན་རྡུང་ལེན་ནི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དབྱངས་སྲོལ་ཐུན་མོང་མ་ཡིན་པ་ཞིག་རེད། རྒན་ལགས་ལ་མཚོན་ན་རྡུང་ལེན་སྒྱུ་རྩལ་གྱི་ཐད་འབྲས་བུ་ཕུལ་དུ་བྱུང་བ་ཞིག་ཡོད་པ་ནི་གཙོ་བོ་རང་སྦྱོང་ལ་བརྟེན་པ་ཡིན་ནམ་ཆེད་ལས་ཀྱི་རོལ་དབྱངས་སློབ་གྲྭ་ལྟ་བུར་གསོ་སྦྱོང་བྱས་པ་ཡིན། 
  དཔལ་མགོན། 1974ལོར་ཀན་ལྷོ་རུ་རིག་རྩལ་འཁྲབ་སྟོན་ཆེན་མོ་ཞིག་བསྡུས་ཤིང་། ལོ་དེར་ཀན་ལྷོ་གླུ་གར་ཚོགས་པའི་ནང་དུ་སོང་ནས་ཟླ་བརྒྱད་ཡས་མས་ཤིག་ལ་དུས་ཆེན་དེར་གྲ་སྒྲིག་དང་སྦྱོང་བ་བྱས། དེའི་སྐབས་སུ་དམངས་ཁྲོད་ཀྱི་རྡུང་ལེན་པ་དང་གླུ་བ་མང་པོ་ཞིག་ཡོད་ལ། ལྷག་པར་དུ་ཚོགས་གཙོ་ཨ་ཁུ་འཇིགས་མེད་སོགས་ཀྱིས་སྒྲ་སྙན་རྡུང་བ་ཧ་ཅང་སྙན་མོ་འདུག་པས། ཁོང་ཚོས་དཀྲོལ་བར་ནན་ཏན་གྱིས་ཉན་པའི་ཁར། རང་ཉིད་ཀྱིས་སྒྲ་སྙན་དཀྲོལ་སྟངས་ལ་བརྩོན་པ་ལྷུར་ལེན་བྱས་པར་བརྒྱུད་ནས་སྒྲ་སྙན་རྡུང་ལེན་གྱི་རྨང་བརྟན་པོ་ཞིག་བཏིངས། དེ་ལས་གཞན་སྔོན་མ་ནུབ་བྱང་མི་རིགས་སློབ་གྲྭའི་འབྲིང་རིམ་སློབ་གྲྭར་ཞུགས་སྐབས་ང་ཚོར་གླུ་དབྱངས་ཁྲིད་མྱོང་མོད་ཀྱང་། གཙོ་བོ་དབྱངས་ཡིག་སོགས་རྨང་གཞིའི་ཤེས་བྱ་དག་ཡིན། དེར་མ་གཏོགས་རིག་རྩལ་སློབ་གྲྭའམ་རོལ་དབྱངས་ཀྱི་སློབ་གྲྭ་སོགས་སློབ་གྲྭ་ཆེན་མོར་འགྲིམ་མ་མྱོང་བས། རང་གིས་སློབ་སྦྱོང་དང་བརྩོན་པ་ཁོ་ན་ལ་བརྟེན་པ་ཡིན་ནོ།། 
  གསར་འགོད་པ། ད་ལྟ་རྡུང་ལེན་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་རྒན་ལགས་ཀྱི་མཛུབ་སྟོན་འོག་ཕུལ་དུ་བྱུང་བའི་ཕ་སྐད་གཙང་མའི་རྡུང་ལེན་པ་གདུ་བྷེ་དང་། རྡོ་རེད། གངས་བཞུགས་ལ་སོགས་མང་པོ་ཞིག་སྐྱེད་སྲིང་བྱས་འདུག ད་ལྟའི་གནས་བབ་ལ་གཞིགས་ན་རྡུང་ལེན་སྒྱུ་རྩལ་འདིའི་རྗེས་མའི་འཕེལ་ཕྱོགས་སམ་འཕེལ་རྒྱས་མདུན་ལྗོངས་ཇི་འདྲ་ཞིག་རེད། 
  དཔལ་མགོན། ང་ལ་མཚོན་ན་འདིའི་མདུན་ལམ་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་པ་སྟེ། རྡུང་ལེན་ནི་བོད་མི་དམངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཤ་སྟག་ཅིག་ཡིན་ཞིང་། བོད་མི་དམངས་ཀྱི་འཚོ་བའི་ཁོངས་སུ་འཐིམས་འདུག་པ་དང་། བོད་འབངས་རྣམས་དེ་ལ་དགའ་ཞེན་ཆེན་པོ་འདུག དེར་གཞིགས་ན་མདུན་ལམ་ཡངས་པོ་ཞིག་འདུག་བསམ།  དེ་ལས་གཞན་རྡུང་ལེན་དང་དེང་རབས་ཀྱི་གླུ་གཉིས་སོ་སོ་ཡིན་ལ། དེ་གཉིས་བར་འགལ་བ་ཡོད་མེད་ནི་གཙོ་བོ་ཉན་མཁན་ཡོད་མེད་དམ་ཞབས་འདེགས་བྱ་ཡུལ་ལ་རག་ལས་པ་མ་གཏོགས། འདི་འགྲིག་པའམ་དེ་མི་འགྲིག་ཅེས་གདང་འཇོག་བྱེད་མི་འོས། ངས་བལྟས་ན་རྡུང་ལེན་དང་དམངས་གླུ་གཉིས་ནི་གཅིག་ཏུ་འདྲེས་འདུག་ཅིང་། དེ་གཉིས་ཕན་ཚུན་ལ་ཁ་འབྲལ་ཐབས་མེད་དེ། དམངས་གླུ་ནི་བོད་ཀྱི་སྲོལ་རྒྱུན་གྱི་དབྱངས་རྟ་ཞིག་ཡིན་པ་དང་། བོད་ཀྱི་ཕ་མེས་ཡང་མེས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་བཅུད་ལས་ཐོན་པ་ཡིན་པས། རྡུང་ལེན་གྱི་དབྱངས་རྩོམ་དུས་དམངས་གླུའི་དབྱངས་རྟ་གཞི་རྩར་བྱས་ཏེ་བརྩམས་ན་ཀུན་གྱིས་རྣ་བའི་གསོས་སུ་འགྱུར་བའི་དབྱངས་སྙན་ལེགས་པོ་ཞིག་འཁྱོངས་ཐུབ་པའི་ཁར། ངག་ནས་ལེན་བདེ་ཞིང་ཉན་མཁན་རྣམས་ཀྱིས་གོ་བདེ་པོ་འདུག གལ་ཏེ་སྐྱེས་བུ་གང་ཞིག་གིས་དེང་རབས་ཀྱི་དབྱངས་རྟ་ལྟར་བརྩམས་པ་ཞིག་ཡིན་ན་བོད་ཀྱི་རྡུང་ལེན་གྱི་གཉུག་མའི་བྲོ་བ་ཡང་འགྱུར་ངེས་ལ། ཉན་པ་རྣམས་ཀྱི་རྣ་བར་མི་བདེ་བས་བོད་ཀྱི་གླུ་ཞིག་མིན་པར་འདོད་ངེས། 
  གསར་འགོད་པ། རྒན་ལགས་ཀྱིས2000ལོར་རྨ་ཆུ་རྫོང་རྡུང་ལེན་རུ་ཁག་རྩ་འཛུགས་བྱས་ཏེ་ཤམ་བྷ་ལ་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་སྟེང་འཁྲབ་སྟོན་བྱས་པ་དང་། 2004ལོར་རྨ་ཆུའི་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་མི་སྟོང་ལས་གྲུབ་པའི་འཁྲབ་སྟོན་དཔུང་སྡེ་ཆེན་མོ་ཞིག་རྩ་འཛུགས་བྱས་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་འཁྲབ་སྟོན་བྱས། དེ་མིན་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་ཀྱི་རིག་རྩལ་འཁྲབ་སྟོན་ཆེན་མོའི་སྟེང་ཞུགས་ནས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། དེ་བས་རྗེས་མར་རྒན་ལགས་འདི་ལྟ་བུའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་རྒྱ་ཆེན་པོའམ་ཡང་ན་སྒྲ་སྙན་རྡུང་ལེན་གྱི་བརྩམས་ཆོས་གསར་བ་འགྲེམ་སྤེལ་བྱེད་པའི་འཆར་གཞི་ཡོད་དམ། 
  དཔལ་མགོན། ཤམ་བྷ་ལའི་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་སྟེང་གི་རྡུང་ལེན་འཁྲབ་སྟོན་ལ་ངས་དབྱངས་བརྩམས་པ་དང་། ཡང་ན་ཚིག་བརྩམས་པ་ཡོད་ལ། དམངས་ཁྲོད་དུ་བཏུས་པ་ཡང་ཡོད། སྐབས་དེའི་རྡུང་ལེན་རུ་ཁག་ནི་རྨ་ཆུའི་དམངས་ཁྲོད་ཀྱི་རྡུང་ལེན་པ་རྐྱང་རྐྱང་ཡིན་ཞིང་། ཟླ་གཅིག་རིང་ལ་རྨ་ཆུ་རྫོང་དུ་ཁོང་ཚོར་གླུ་ཁྲིད་པ་དང་བསྐྱར་སྦྱོང་བྱས་ནས་འཁྲབ་སྟོན་ལ་ཞུགས། རྡུང་ལེན་རུ་ཁག་དེ་གཞི་རྩ་རུ་བྱས་ཐོག  གཞི་རྒྱ་ཇེ་ཆེར་གཏོང་ཆེད་མི་ཆིག་སྟོང་རྩ་འཛུགས་བྱས་ཏེ་གེ་སར་རིག་གནས་དུས་ཆེན་སྟེང་གླིང་གེ་སར་རྒྱལ་པོའི་སྒྲུང་འཁྲབ་སྟོན་བྱས་པ་ཡིན། སྐབས་དེའི་རྨ་ཆུའི་གེ་སར་རིག་གནས་སྟེང་གླུ་བཞི་བླངས་པ་དང་། 《རྨ་ཆུའི་རྡུང་ལེན་དང་པོ》ཞེས་པའི་འོད་སྡེར་ཞིག་འགྲེམ་སྤེལ་བྱས་པ་དེའི་ནང་གླུ་བཞི་བོ་འདུས།

མཚོ་ལྷོ་ཁུལ་གྱི་རྡུང་ལེན་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་བཞིན་པ།
  གསར་འགོད་པ། མཚོ་ལྷོ་ཁུལ་ལ་མཚོན་ན་རྫོང་སོ་སོར་རྡུང་ལེན་འགྲན་སྡུར་མང་པོ་ཞིག་སྤེལ་བཞིན་ཡོད་པ་དང་། ཐེངས་འདིར་གོང་རིམ་སྲིད་གཞུང་དང་རིག་གནས་སྡེ་ཁག་གིས་རྡུང་ལེན་སྒྱུ་རྩལ་གཙིགས་སུ་བཟུང་ནས་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་ཆེད་རྡུང་ལེན་སྒྱུ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཞིག་བསྡུས་པ་རེད། འདི་དང་བསྡུར་ན་བོད་ཁམས་ཀྱི་ཡུལ་ཕྱོགས་གཞན་དུ་རྡུང་ལེན་སྒྱུ་རྩལ་ལ་མཐོང་ཆེན་བྱས་པའི་ཚུལ་ཇི་འདྲ་རེད། 
  དཔལ་མགོན། ཉེ་བའི་ལོ་ནང་རྒྱལ་ཁབ་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། གཙོ་བོ་འདི་དང་འབྲེལ་ཡོད་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་དང་དུ་ལེན་མི་ལེན་ལ་རག་ལས་ཤིང་། དེང་གི་རིག་རྩལ་གྱི་སློབ་ཆེན་རྣམས་སུ་ཡང་སྒྲ་སྙན་རྡུང་ལེན་ཡན་ལག་ཏུ་བྱས་པའི་འཛིན་གྲྭའམ་ཆེད་ལས་མི་འདུག དེ་བས་དམངས་ཁྲོད་ཀྱི་རྩ་འཛུགས་དང་ནུས་ཤུགས་ཁོ་ནར་བརྟེན་ན་འོད་སྡེར་རེ་འགྲེམ་སྤེལ་བྱེད་པའམ་ཡང་ན་འཁྲབ་སྟོན་རེ་བྱེད་པ་ཙམ་ལས་ཤུགས་ཆེན་པོ་འདོན་དཀའ། བོད་མི་རིགས་ཀྱི་རྡུང་ལེན་ལ་མཚོན་ན་ཡུལ་གྲུ་སོ་སོར་ཁྱད་ཆོས་ལྡན་པ་སྟེ། དབུས་གཙང་དང་ཨ་མདོའི་རྡུང་ལེན་གྱི་དབྱངས་ཀྱི་འགུག་ལུགས་དང་། ལེན་ཕྱོགས། དཀྲོལ་སྟངས་སོགས་སོ་སོར་ཐུན་མིན་གྱི་ཁྱད་ཆོས་མང་པོ་འདུག་པས། ས་ཕྱོགས་སོ་སོའི་གླུ་བ་དང་རྡུང་ལེན་པ་རྣམས་ལ་མཚོན་ན་ཕྱོགས་རིས་ཀྱིས་མ་འཁྱེར་བར་རང་ནུས་ཅི་ལྕོགས་སྒོས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རིག་གནས་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས། ལྷག་པར་ཏུ་མཚོ་ལྷོ་ཁུལ་གྱིས་སྒྲ་སྙན་རྡུང་ལེན་འདི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲོད་དུ་བཞག་སྟེ་འཛིན་ཡིག་བླངས་ཡོད་པ་ནི་ངོ་མས་ལེགས་པོ་འདུག དེ་བས་ཀུན་གྱིས་བོད་ཁམས་ཡོངས་ལ་ཕྱོགས་པ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་འདིའི་མ་འོངས་འཕེལ་རྒྱས་ཁོང་དུ་བཅངས་ནས་སྒྲ་སྙན་དར་སྤེལ་དུ་གཏོང་རྒྱུ་ནི་གལ་ཤིན་ཏུ་ཆེ། ང་རང་ཉིད་ལ་མཚོན་ན་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་རྡུང་ལེན་སྒྱུ་རྩལ་དར་སྤེལ་དུ་གཏོང་ངེས་ཡིན།   
  གསར་འགོད་པ། ཐེངས་འདིར་མཚོ་ལྷོ་ཁུལ་གྱིས་གསོ་སྦྱོང་སྤེལ་བ་ནི་གཙོ་བོ་བོད་ཁམས་ཀྱི་རྡུང་ལེན་སྒྱུ་རྩལ་དར་སྤེལ་དང་ཚད་ལྡན་དུ་གཏོང་བར་དམིགས་པ་ཡིན་ཞིང་། རྒན་ལགས་ཀྱིས་བལྟས་ན་རྗེས་སོར་བོད་ཀྱི་སྒྲ་སྙན་རྡུང་ལེན་འདི་ཁ་ཕྱོགས་སམ་ལམ་གང་འདྲ་ཞིག་ལ་ཞུགས་ན་ལེགས་པ་དང་། མདོ་སྨད་ཀྱི་རྡུང་ལེན་འདི་ཚད་ལྡན་ཞིག་ཏུ་བསྒྱུར་ཐུབ་བམ།
  དཔལ་མགོན། ངས་བལྟས་ན་ཨ་མདོ་དང་། དབུས་གཙང་། ཁམས་ཞེས་སོ་སོར་མི་དགར་བར་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་ཤིག་བཟུང་སྟེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དར་སྤེལ་དུ་བཏང་ན་ལེགས་པ་སྟེ། ཡུལ་སོ་སོ་ནས་གསོ་སྦྱོང་འཛིན་གྲྭ་རེ་འཛུགས་པའམ་ཡང་ན་ས་ཆ་སོ་སོ་ནས་རྡུང་ལེན་རྒན་པ་རྣམས་ཀྱིས་སློབ་མ་རྣམས་ལ་ཁྲིད་དེ་རྡུང་ལེན་རྒྱུན་མི་ཆད་པར་མི་རབས་ནས་མི་རབས་སུ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་བསམ་གྱིན་འདུག ལྷག་པར་དུ་ཐེངས་འདིར་མཚོ་ལྷོའི་རྡུང་ལེན་འཛིན་གྲྭ་ཞིག་བཙུགས་པར་ང་རང་དགའ་བ་ཆེན་པོ་སྐྱེས་ནས་ལམ་ཐག་རིང་བར་མ་བསམ་པར་ཆེད་དུ་འདིར་ཡོང་ནས་ཡུལ་འདི་གའི་རྡུང་ལེན་པ་རྣམས་ལ་སྒྲ་སྙན་རྡུང་ལེན་གྱི་སློབ་ཁྲིད་གནང་བ་ཡིན།
   རྡུང་ལེན་ལ་ཚད་ལྡན་ཡིན་མིན་དེ་གཞུང་ལུགས་སྟེང་གཏན་ཁེལ་བྱེད་དཀའ་མོད་ཀྱང་། ཚིག་གི་ཐད་ནས་བཤད་ན། དམངས་གླུའི་ཚིག་རྩ་བར་བྱེད་པའམ་དེ་དང་མཐུན་པར་བྱས་ན་ཚད་ལྡན་ཞིག་རེད་བསམ་གྱིན་འདུག གལ་ཏེ་ཡིག་སྐད་ཀྱི་ཤན་ཞུགས་དྲགས་ན་ནང་དོན་ལེགས་ཀྱང་། ཉན་མཁན་རྣམས་ཀྱིས་གོ་མི་བདེ་ཞིང་རྣ་བར་སྙན་པོར་མི་འདུག དམངས་གླུ་ནི་མི་རབས་ནས་མི་རབས་སུ་རྒྱུད་པའི་སྲིད་པའི་གླུ་ཞིག་ཡིན་ཞིང་། ཇི་ལྟར་ཉན་ན་དེ་ལྟར་ཇེ་སྙན་ཇེ་འཇེབས་སུ་འགྲོ་ངེས་པས། ཚིག་ལ་གཙོ་བོ་དམངས་གླུ་གཞིར་བྱས་ན་ལེགས་པོ་འདུག དབྱངས་ཀྱི་ཐད་ནས་བཤད་ན། སྲོལ་རྒྱུན་གྱི་དབྱངས་རྟ་སྟེ་དམངས་གླུའི་འགུག་ནང་དུ་ཡོད་ཚེ་ཉན་ན་སྙན་མོ་འདུག་ཅིང་བོད་དམངས་རྣམས་ཀྱིས་ཉན་པར་སྤྲོ་བ་ཞིག་འཁྱོངས་ངེས། 
  མདོར་ན་རྡུང་ལེན་སྒྱུ་རྩལ་འདི་གོང་དུ་རྒྱ་ཆེན་པོར་སྤེལ་དགོས་ན། གོང་རིམ་གྱི་རྒྱབ་སྐྱོར་འོག་རིག་རྩལ་སློབ་གྲྭའི་ནང་རྡུང་ལེན་སྒྱུ་རྩལ་ཐད་ཀྱི་འཛིན་གྲྭ་རེ་བཙུགས་ནས། ཚད་ལྡན་གྱི་སློབ་དེབ་ཅིག་བསྒྲིགས་ཐུབ་ན་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ངེས་ཤིང་། འདི་ལ་སློབ་སྦྱོང་བྱེད་པའམ་ཡང་ན་ནང་དུ་ཞུགས་མཁན་མང་པོ་ཞིག་ཡོད་ངེས། ངས་རང་ཉིད་ཀྱི་ཉམས་མྱོང་གཅིག་བསྡུ་བྱས་ནས་སློབ་དེབ་ཅིག་བསྒྲིགས་པ་དང་། དེར་མ་ཟད་སློབ་མ་གཅིག་གཉིས་རེ་བསྡུས་ནས་ཁྲིད་པ་མ་གཏོགས་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་རྒྱ་ཆེན་པོ་ཞིག་ལ་ཞུགས་པ་ནི་ཐེངས་དང་པོ་ཡིན་ལ། བོད་ཁམས་ཀྱིས་ཡུལ་གཞན་གྱིས་ཀྱང་འདི་དང་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་རེ་བསྡུས་ནས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྡུང་ལེན་སྒྱུ་རྩལ་དབྱར་རྔའི་ཟླ་བཞིན་གོང་ནས་གོང་དུ་སྤེལ་རྒྱུ་ནི་གལ་ཤིན་ཏུ་ཆེའོ། །
  གསར་འགོད་པ། མཇུག་མཐར་ངས་མཚོ་སྔོན་པོ་དྲ་བའི་ཚབ་བྱས་ནས་བཅར་འདྲི་འདི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ། མཚོ་སྔོན་པོ་དྲྭ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།