《ཨ་ཅེ་སྣང་ས》དང་ལྷ་མོ་ཆོས་སྒྲོན།


རྩོམ་ཁུངས་མཚོ་སྔོན་པོ་དྲ་བ་ནས།

ཨ་ཅེ་སྣང་ས་དད་པས་དྲན་གྱིན་ཡོད།

ཨ་ཅེ་སྣང་ས་མིག་ཆུས་དྲན་གྱིན་ཡོད།
            ལྷ་མོ་ཆོས་སྒྲོན་ནི་མཚོ་སྔོན་པོའི་ལྷོ་འགྲམ་ནས་ནར་སོན་ཞིང་ལྷོ་ནུབ་མི་རིགས་སློབ་ཆེན་རོལ་མོ་སློབ་གླིང་ནས་སློབ་མཐར་བྱིན་ལ། ད་ལྟ་མཚོ་སྔོན་བརྙནའཕྲིན་ཁང་དུ་མདོ་འཛིན་པའི་ལས་ཀ་གཉེར་གྱིན་པའི་ལྷ་མོ་ཆོས་སྒྲོན་ཟེར་བའི་འབྲོག་ཕྲུག་མ་དེ་ཡིན། 《ཨ་ཅེ་སྣང་ས》ཞེས་པའི་གླུ་གཞས་འདི་ནི་ཁོ་མོས་བསྐུལ་ངོར་བྲིས་པ་ཞིག་ཡིན་ལ། འདི་ནི་ཁོ་མོའི་ཆེས་ཐོག་མའི་གླུ་གཞས་བརྩམས་ཆོས་ཀྱང་ཡིན།

ཨ་ཅེ་སྣང་ས་གཉུག་ནས་དྲན་གྱིན་ཡོད།

ཨ་ཅེ་སྣང་ས་རླུང་ཁ་ན་དྲན་གྱིན་ཡོད།
            སྣང་ས་འོད་འབུམ་ནི་ང་ཚོའི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་གམ་གཏམ་རྒྱུད་ཅིག་ཡིན་ལ། འདིའི་ཁྲོད་དུ་ན་ཟུག་དང་འཁུན་སྒྲ། སྐྱོ་སྣང་དང་གདུང་ཡུས། གཡོ་སྒྱུ་དང་དབང་ཤེད། གཉའ་གནོན་དང་བརྙས་སྨོད། གཅོམ་ཆུང་དང་ནུས་མེད་སོགས་དུས་གཅིག་ཏུ་འཚང་ཡོད་པ་དང་། འདི་ལས་བོད་པའི་བུད་མེད་ཅིག་གི་སྤྱི་ཚོགས་གོ་གནས་དང་མི་ལུས་རང་དབང་སོགས་ཇི་བཞིན་དུ་མཐོང་ཐུབ།

ཨ་ཅེ་སྣང་ས་བྱེ་ཐང་ན་དྲན་གྱིན་ཡོད།

ཨ་ཅེ་སྣང་ས་མཚོ་འགྲམ་ན་དྲན་གྱིན་ཡོད།
            གླུ་གཞས་འདི་ད་ལྟ་སྒྲ་བླངས་ཚར་བར་མ་ཟད་བརྙན་དུའང་ཕབས་ནས་ཡོངས་འགྲུབ་འབྱུང་ངེས་ཡིན། ལྷ་མོ་ཆོས་སྒྲོན་ནས་གླུ་གཞས་འདི་སྒྲ་ལེན་པའི་སྐབས་དང་ཡང་ན་བརྙན་ཕབ་བྱེད་དུས་གང་དུ་ཡང་མིག་ལས་མཆི་མ་ཤམ་ཤམ་དུ་བཞུར་འོང་གིན་འདུག   ཁོ་མོས་བཤད་ན། ཨ་ཅེ་སྣང་སའི་སྡུག་ཡུས་དང་གཏམ་རྒྱུད་དེ་ང་རང་གིས་མྱོང་གིན་པ་དང་འདྲ་ཟེར།

ཨ་ཅེ་སྣང་ས་སྤང་ཐང་ན་དྲན་གྱིན་ཡོད།

ཨ་ཅེ་སྣང་ས་རྒྱང་རིང་ན་དྲན་གྱིན་ཡོད།
            ཡིན་ན་ཡང་། གླུ་གཞས་འདི་ནི་ཁོ་མོའི་བརྩམས་ཆོས་ཐོག་མ་ཡིན་པ་ལས་གཞན་ཁོ་མོས་སྦྱང་པའི་ཆེད་ལས་ཀྱི་ལེན་སྟངས་ལས་ལེན་སྟངས་གཞན་ཞིག་ཏུ་བསྒྱུར་བའི་ཚོད་ལྟའང་ཡིན་པས་ཞན་ཆ་ཅུང་ཟད་རེ་འདུག་པ་ནི་གདོན་མི་ཟ་བ་ཞིག་རེད། ཡིན་ན་ཡང་ད་ལྟ་ད་དུང་ཁོ་མོ་ལོ་ན་གཞོན་ཞིང་ཆེད་ལས་ཀྱི་ཤེས་བྱའང་མུ་བཞིན་སྦྱོང་གིན་ཡོད་པས་མ་འོངས་པར་གངས་ལྗོངས་གླུ་ཡི་མཁའ་དབྱིངས་སུ་ལྷ་མོ་ཆོས་སྒྲོན་ཞེས་པའི་སྐར་ཆུང་འཚེར་པོ་ཞིག་འཆར་མི་སྲིད་པའི་ངེས་པའང་མེད་སྙམ།
《ཨ་ཅེ་སྣང་ས》ཞེས་པའི་གླུ་གཞས་འདིའི་གླུ་ཚིག
ཨ་ཅེ་སྣང་ས།
                                                      ཚིག  འབྲུག་ལྷ་རྒྱལ།
                                                      དབྱངས།  འཇམ་བྷེ།
                                                      ལེན་མཁན།  ལྷ་མོ་ཆོས་སྒྲོན།
                    རྒྱང་རིང་གི་དུས་སྐབས་ཤིག་ན།
                    མཛེས་སྡུག་གི་གཏམ་རྒྱུད་ཅིག་ཡོད།
                    དེ་ཡི་མིང་ལ་སྣང་ས་འོད་འབུམ་ཟེར།
                    མིག་ཆུའི་གཏམ་རྒྱུད་སྣང་ས་འོད་འབུམ།
                    ཚིག་གི་དབྱངས་རྟ་དབང་མེད་མཆི་མས་བརླན།
                    གཏམ་གྱི་བརྗོད་སྙིང་ན་ཟུག་འཁུན་སྒྲས་གཡོ།
                    སྐྱོ་བའི་ཟློས་གར་འཇིག་རྟེན་ཁམས་ལ་བསྟན།
                    ཨོ། ཨ་ཅེ་སྣང་ས་དྲན་བྱུང༌།
                    འདས་ལོག་གི་ཨ་ཅེ།
                    ང་ཡི་ཨ་ཅེ་ཡ།
                    ངས་ཁྱོད་ཀྱི་གཏམ་རྒྱུད་ལས་མིག་ཆུ་འཐུང་གིན་ཡོད།

                    རྒྱང་རིང་གི་གྲོང་ཚོ་ཞིག་ན།
                    མཛེས་སྡུག་གི་ཨ་ཅེ་ཞིག་ཡོད།
                    ཁོ་མོའི་མིང་ལ་སྣང་ས་འོད་འབུམ་ཟེར།
                    སྐྱོ་བའི་ཨ་ཅེ་སྣང་ས་འོད་འབུམ།
                    སེམས་ཀྱི་རྨི་ལམ་དབང་ཆེན་དཔོན་པོས་འཕྲོག
                    མཛེས་པའི་ལང་ཚོ་མནར་གཅོད་སྡུག་གིས་ཁྱེར།
                    དྲན་པའི་ཁུར་བོ་སྙིང་ཁོང་གཏིང་དུ་སྦས།
                    ཨོ། ཨ་ཅེ་སྣང་ས་དྲན་བྱུང༌།
                    འདས་ལོག་གི་ཨ་ཅེ།
                    ང་ཡི་ཨ་ཅེ་ཡ།
                    ངས་ཁྱོད་ཀྱི་གཏམ་རྒྱུད་ལས་མིག་ཆུ་འཐུང་གིན་ཡོད།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།