གངས་རིའི་གླུ་མ་ལྷ་སྐྱིད་ངོ་སྤྲོད།


གཉན་པོ་གཡུ་རྩེ་དྲ་བ་ནས།


 
ལས་དབང་གི་ཡོད་ཚད་གངས་ཀྱི་རི་སུལ་ལ་ཐོགས་ཏེ། སྙན་ལ་འཇེབས་པའི་གླུ་སྐད་ཕྲ་མོའི་འགྱུར་ཁུག་ཁུར་བའི་ཞི་དུལ་གཉོམ་དུང་གི་ལང་ཚོ་ཁ་བ་དཀར་པོའི་འཕུར་སྟངས་དང་འགྲོགས་ཏེ་འཚར་ལོངས་བྱུང་བའི་གངས་རིའི་གླུ་མ་ལྷ་སྐྱིད་ནི། ཕྱི་ལོ༡༩༨༥ལོར་སི་ཁྲོན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཡང་གོ་ཡུལ་ཚོ་ཡར་ཤོག་སྡེ་བའི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། དྲིན་ཆེན་མ་ལོའི་ནུ་ཞོ་དང་སྦྲང་དཀར་རྩམ་པའི་འཚོ་བཅུད་ལ་བརྟེན་ཏེ་ནར་སོན།མི་ཡུལ་ནས་ལོ་ངོ་བདུན་སོན་པའི་རྐང་ཆུང་གི་གོམ་ཁ་ཡུལ་ཤོག་གི་སློབ་ཆུང་ལ་ཕྱོགས་ཏེ་གླུ་ངག་གི་དབྱངས་སྒོ་ཐོག་མ་ཀ་ཁ་ག་ང་ནས་མགོ་བརྩམས་པའི་སྐལ་བ་ཙམ་ཐོབ་མོད། འོན་ཀྱང་སློབ་ཆུང་གི་སྒོ་ཐེམ་དང་གྱེས་རྗེས་རྒྱུ་རྐྱེན་དུ་མ་ཞིག་གིས་དུས་རབས་ཀྱི་བུ་མོ་གཞན་དག་ལྟར་སློབ་གླིང་གི་ཤེས་བྱའི་མཁའ་དབྱིངས་འགྲིམ་པའི་སྐལ་བ་མ་ཐོབ་པ་ནི། མོའི་མི་ཚེ་འདིའི་དམར་ཆུང་སེམས་ཀྱི་མེ་ལོང་དུ་ཆེས་ཕངས་འགྱོད་ཀྱི་རི་མོ་བསུབ་ཐབས་དཀའ་བ་ཞིག་ཏུ་གྱུར་ཟེར། རིམ་བཞིན་སོན་འདེབས་དང་ལུད་སྐྱེལ་སོགས་རོང་མོ་དཀྱུས་མ་དག་གི་རྐང་ལམ་བཟུང་།ནས་ཞིང་གི་སྐ་ཚིགས་དང་གསེར་མདོག་གི་སྙེ་མའི་གྲིབ་བསིལ་བརྒྱུད་མེས་པོའི་རུས་རྐང་ནས་མཆེད་འོང་བའི་མ་ཎིིའི་དབྱངས་མགུར་དང་། དམངས་གླུའི་དབྱངས་འགྲོས་ཀྱིས་ཁོར་ཡུག་རི་གྲོང་གི་ལྷིངས་འཇགས་དཀྲོགས་བཞིན་རེ་ཞིག་ལུས། ཕྱི་ལོ ༢༠༠༢ ལོར་མོའི་མི་ཚེའི་མདུན་ལམ་ལ་ཤ་ཚ་ཞིང་སྙིང་ཉེ་བ་དག་གི་ལྷག་བསམ་དཀར་པོའི་སྒུལ་ཤུགས་དང་མོ་རང་གི་དགའ་ཕྱོགས་བཞིན་གླུ་གར་གྱི་སྟེགས་བུར་གོམ་ཁ་བསྒྱུར་ཏེ། རང་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་གླུ་དང་རྡུང་ལེན་མི་ཉུང་བ་ཞིག་སྙན་མོ་ངག་གི་དབྱངས་རྟར་དྲངས་པ་ལ་རིགས་རུས་ཤ་ཁྲག་གཅིག་གིས་སྦྲེལ་བའི་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་དགའ་བསུ་དང་ལེན་དང་རེ་སྐུལ་གྱི་རྣམ་གྲངས་མི་དམན་པ་ཐོབ། དེ་ནས་བཟུང་མོས་རང་ཉིད་བོད་དམངས་ཁྲོད་ཀྱི་གླུ་མ་ཞིག་ཡིན་པའི་འགན་འཁྲི་འཕྲག་ཏུ་བླངས་ཏེ་ཞུམ་མེད་སྤོབས་པ་ཆེན་པོས་རང་གི་སྐད་ངག་གི་ཚབ་མཚོན་ཆེད་སྒྲིག<ངའི་ལས་དབང་>དང་། <གསེར་མདོག་གི་ཕ་ས> <ནས་ཁུར་བུ་མོ>སོགས་སྒྲ་བརྙན་འཁོར་བཅུ་ཕྲག་ཁ་ཤས་མི་ཡུལ་ལ་འགྲེམ་སྤེལ་བྱས་པའི་གོ་རིམ་ཁྲོད་ནས་ཕྱི་ནང་སྤུན་ཟླ་ཡོངས་ཀྱིས་དགའ་བསུ་བསྟོད་བསྔགས་ཀྱི་ཐལ་མོ་རྡེབ་སྒྲ་དང་། མོའི་སྐད་ངག་དང་ཉམས་འགྱུར་ལ་བཟུང་བའི་རྩིས་ཐང་སོགས་ཚད་ཇེ་མཐོར་ཕྱིན། དེ་ནས་སྔ་རྗེས་སུ་ལྷ་ས་དང་། ནགས་ཆུ། ཆབ་མདོ། མཚོ་སྔོན། ཡུལ་ཤུལ།
སི་ཁྲོན་སོགས་ས་གནས་དུ་མའི་གླུ་གར་གྱི་སྟེགས་བུ་བརྒྱུད། གར་ཉམས་དང་ཡིད་འཕྲོག་གི་གླུ་གཞས་དུ་མས་ཕ་ཡུལ་གངས་ལྗོངས་ཕྱུག་མོའི་ཁོར་ཡུག་ལ་སྤྲོ་སྣང་གི་མཛེས་སྡུག་མི་དམན་པ་བསྐྲུན་མྱོང་ལ། ཡུལ་ཤུལ་ས་འགུལ་གྱིས་སྤུན་ཟླ་མི་དམངས་ལ་གོད་ཆགས་བྱུང་སྐབས་ནང་སེམས་གསོན་པོས་གདུང་བ་ཉམས་སྐྱེད་དང་གནོད་ཐེབ་ས་གནས་སུ་དངོས་སུ་ཕྱིན་ཏེ་རང་ནུས་ཅི་ཡོད་ཀྱིས་ལྟ་སྐོར་རོགས་སྐྱོར་བྱས། དེ་བཞིན་དུ་ཕ་ཡུལ་གྱི་སློབ་གྲྭ་གསར་འཛུགས་ལ་རང་ནུས་ཡོད་རྒུས་རོགས་སྐྱོར་ཞབས་ཞུ་ཅི་ནུས་གང་ལྕོགས་སུ་བསྒྲུབས་མྱོང་བ་དང་ད་དུང་མོས་ཆོད་སེམས་ཀྱི་ཀློང་ན་མེ་རུ་བཞིན་འབར་བཞིན་པ་ནི་མུ་མཐུད་དུ་རང་ཉིད་ཀྱི་ལྟོ་གོས་འཁྱོངས་ཐབས་ཙམ་གྱི་སློས་བསླངས་གཙོ་བོ་བྱེད་རྒྱུ་དེ་མིན་ལ།འཚོ་བའི་ཁྲོད་ཀྱི་དཀའ་ངལ་རིགས་ལ་སྤོབས་པ་མི་ཞུམ་པར་རང་ཉིད་ཀྱི་ཤེས་རབ་དང་འཚམས་པའི་ཤེས་རིག་སྦྱང་བརྩོན་ལ་ནན་ཏན་བྱེད་རྒྱུ་དང་། རང་གི་ལྷན་སྐྱེས་ཀྱི་སྐད་ངག་ལ་བརྟེན་མི་རིགས་རང་གི་ཕ་སྐད་སྲུང་སྤེལ་དང་མཐུན་སྒྲིལ་སྔོན་ཐོན་གྱི་འབོད་སྐུལ་དབྱིངས་སུ་གྱེར་རྒྱུ་ཡིན་ཟེར་འདུག་གོ། ངོ་སྤྲོད་རྒྱུ་ཆ་འདོན་སྤྲོད་མཁན་གསེར་བསྟན་པའི་སྐྱབས། ཞར་བྱུང་། འདི་ནས་འུ་ཚོའི་གནས་བབ་འདིར་གླུ་བ་གླུ་མ་སུ་ཞིག་གི་དཔལ་འབྱོར་རྔམ་ཁ་དང་ངོ་ཐང་གི་མཐོ་དམའ། གཞན་དུ་ལུས་ཀྱི་སྒེག་ཉམས་དང་མཛེས་བཟོ་ཡག་བཙོག
གླུ་སྐད་ཀྱི་སྙན་འཇེབས་གར་གྱི་སྟེངས་སྟབས་སོགས་འདི་དང་འདི།ཡང་ན་གླུ་དང་གཞས་ཚིག་ག་གེ་མོར་དགའ་ཁ་འཁྱེར་ཕྱོགས་དང་འགྲིག་མིན་གྱི་སྐད་ཆ་གླེང་ཕྱོགས་དེ་ཟུར་དུ་བཞག་ནས་བསམ་རྒྱུ་ཞིག་ལ། སློབ་སྦྱོང་དང་ཉམས་མྱོང་གི་གོ་སྐབས་དེ་འདྲའི་ཚད་ལྡན་མ་ཐོབ་པའི་རོང་མོ་དཀྱུས་མ་ཞིག་གི་ངོས་ནས་གཞལ་ན།  གླུ་མ་ལྷ་སྐྱིད་ཀྱི་སྐད་ངག་སྙན་མོ་ཙམ་དེ་མ་ཡིན་པར་ནང་བསམ་བློའི་འཁྱེར་ཕྱོགས་དང་དངོས་མཐོང་ལག་ལེན་གྱི་ཐད་ནས་ཀྱང་། མཁས་དབང་དགེ་ཆོས་ཀྱིས། རང་རིགས་ཁ་བ་ཅན་གྱི་རྗེ་འབངས་ལ། ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་པའི་རྩ་གནད་དང་མཐུན་པར་ནུས་ཤུགས་དང་བསྟུན་ཏེ་རང་རིགས་དང་ཁོར་ཡུག་ལ་ཞབས་ཞུའི་བསམ་བློ་བོར་གྱིན་མི་འདུག་པ་དང་། རང་རིགས་ཀྱི་ཡོད་ཚད་སེམས་ནང་དུ་བཞག་ཏེ་ཐ་ན་རྒྱུན་གྱི་སྤྱོད་ལམ་ཁྲོད་དུ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་ལ་རྩིས་མཐོང་མི་བོར་བའི་ཀུན་སྤྱོད་སོགས་ཀྱི་ཐད་ལ་། དམངས་ཁྲོད་ཀྱི་གསར་སྐྱེས་གླུ་བ་གླུ་མ་ཚོས་བསམ་བློ་གཏོང་དགོས་ས་ཞིག་གམ་ཡང་ན་མིག་ལྟོས་བྱེད་རུང་བའི་གནས་ཤིག་རེད་སྙམ་པ་འདུགསླད་མར་བོད་རོང་འབྲོག་དམངས་ཁྲོད་ནས་སྐད་ངག་འཚར་ལོངས་བྱུང་བའི་གླུ་མ་འདིའི་རང་ཉིད་ཀྱི་དམ་བཅའ་བཞིན་གོམ་གང་མདུན་སྐྱོད་ལ་ཐེངས་ལྷོད་མི་འབྱུང་བ་དང་། སྙན་ལ་འཇེབས་པའི་གླུ་སྐད་ཀྱི་བླ་སྲོག་དབྱངས་ཚིག་རོལ་མོ་སོགས་ལ་ཡང་དུས་རབས་དང་གནས་བབ་ལ་འཚམས་པའི་ཡར་རྒྱས་གོང་འཕེལ་འབྱུང་ཐུབ་རྒྱུ་ནི་རེ་བའི་འབོད་སྐུལ་ཡིན།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།