གླུ་མ་ཚེ་དབང་ལྷ་མོའི་སྐད་ཆ།


ང་རང་ལ་མཚོན་ན་སྐད་ངག་སྙན་མོ་ཞིག་གཏན་ནས་མེད། ཡིན་ནའང་བདག་ལ་ལས་དབང་གིས་གླུ་ཚིག་དང་དབྱངས་རྟ། ང་རང་གི་སྐད་ངག་གསུམ་འཕྲོད་འགྲོ་རྒྱུ་འདུག  དེ་ཙམ་གྱིས་གླུ་བ་ཞིག་གི་མིང་ཐོབ་སོང་བ་རེད་མ་གཏོགས་སྐད་སྙན་མོ་ཞིག་གང་ཡང་མེད།


ཡིན་ན་ཡང་རྒྱལ་ཕྱི་ནང་གི་གླུ་གར་སྟེགས་བུ་དང༌། འོད་སྡེར་སོགས་ལས་ངས་བླངས་པའི་གླུ་ལ་དགའ་བསུ་དང་བཀའ་དྲིན་ཞུ་མཁན་མང་ཚོགས་ རེད། རེད་དེ་ང་རང་གིས་ཁ་ཕྱིར་འཁོར་དེ་གླུ་ཚིག་རྩོམ་པ་པོ་དང་དབྱངས་རྩོམ་པོ།རོལ་མོ་སྒྲིག་སྦྱོར་བ་སོགས་ལ་བཀའ་དྲིན་ཞུ་རྒྱུ་ཡིན།དེ་རིང་ཡང་འདི་ནས་དེ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ།


ང་རང་ད་ལོར་ཕྱི་རོལ་ཏུ་སོང་བ་ཡིན། སྐབས་དེར་བོད་ཀྱི་མཁས་པ་མང་པོ་ངོ་ཤེས་སོང༌། བརྒྱུད་རིམ་དེ་དག་གི་ཁྲོད་ནས་སྔར་སྐྱེས་མ་མྱོང་བའི་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་བར་མ་ཟད།  ང་རང་ཉིད་ཀྱིས་ཀྱང་སློབ་སྦྱོང་བྱེད་དགོས་བསམ་པའི་ངོས་ཟིན་ཆེན་པོ་ཞིག་ཀྱང་ཐེབ་བྱུང༌།

དེ་མིན་སྔོན་དང་བསྡུར་ན་ཕ་ཡུལ་ཕྱོགས་ནས་བུ་ཕྲུག་སློབ་གྲྭ་གཏོང་རྒྱུའི་བསམ་བློ་ཤུགས་ཇེ་ཆེར་སོང་ཡོད་པ་འདིའང་བླ་མ་དག་གིས་ཆོས་བཤད་ལས་སློབ་གསོ་སྤྲད་པ་དང༌།  གླུ་བ་དག་གིས་གླུ་ལས་སློབ་གསོ་བཏང་བ་སོགས་ཀྱིས་ཡིན་རྒྱུ་རེད་བསམ་གི་ཡོད།  དེ་ལྟར་གྲུབ་འབྲས་ལ་རིག་རྒྱུ་ཡོད་ན་སེམས་སུ་དགའ་སྤྲོ་ཡང་ཆེན་པོ་སྐྱེས་ཀི

དཔེར་ན་བོད་པ་ཁ་ཤས་རེ་ཡིས་རྒྱ་ནག་དག་ཏུ་སླེབ་པ་དང་རྒྱ་འགའ་རེ་ལ་རླངས་འཁོར་གླ་མི་སྤྲད་པ་དང༌། དམེ་རྒྱག་པ་སོགས་བྱས་ནས་ལ་རྒྱ་ཡིན་སྣང་ཤར་གི་འདུག  དེ་སོགས་ལ་རྒྱ་གཏན་ནས་ཡིན་ནི་མ་རེད།  མ་ཟད་རང་ཅག་བོད་པ་དག་ལ་གནོད་ཆེན་པོ་སྐྱེས་འགྲོ་ནི་རེད།རླངས་འཁོར་མི་རྙེད་པ་དང་ཚོང་མི་འོང་བ་སོགས་ཀྱིས་གནོད་པ་ཡོད་ནི་རེད།  སྔོན་ཞིག་ལ་ང་རང་ཟི་ལང་ནས་གླ་འཁོར་ཞིག་ཏུ་བསྡད་པ་ཡིན།  སྐབས་དེར་རླངས་འཁོར་ཁ་ལོ་བས་བཤད་དོན།“ཁོ་རང་དེ་རིང་སེམས་སྐྱིད་པོ་མི་འདུག་”ཟེར། སྐབས་དེར་ངས་“ཅི་རེད་”ཅེས་དྲིས་པ་ཡིན། ཁོས་བཤད་དོན།  “བོད་པ་འགའ་ཞིག་རླངས་འཁོར་ལས་ས་ཆ་གཞན་ཞིག་ཏུ་བསྐྱལ་བ་ཡིན།  ཁོང་ཚོ་རླངས་འཁོར་ལས་འབབ་སྐབས་གླ་ཆ་མི་བྱིན་གི  མ་ཟད་བདག་གིས་དགོས་ཞེས་བཤད་པར‘སྒོར་མོ་མེད།མི་ཉན་ན་སྔོན་གྱི་གནས་དེར་ཕར་གཡུག་ཞོག་’ཅེས་ཟེར་ནས་ཆས་སོང་”ཟེར།སྐབས་དེར་ངས་རླངས་འཁོར་ཁ་ལོ་བར་བཤད་དོན། “ང་ཡང་བོད་པ་ཡིན།ཁྱེད་རང་གིས་དེ་ལྟར་བཤད་ན་འགྲིག་གི་མ་རེད།བོད་པའི་ནང་ན་མི་སྡུག་པོ་ཡོད་ལ་རྒྱའི་ནང་ནའང་ཡོད།འགའ་རེ་སྡུག་པ་ཙམ་གྱིས་ཚང་མ་སྡུག་གི་ཟེར་ཉན་ནི་མ་རེད་”ཅེས་སོགས་རང་ཚད་ཀྱི་གནས་ལུགས་མི་ཉུང་བ་ཞིག་བཤད་པ་ཡིན། རེད་དེ་རྒྱ་རྒན་དེའི་སེམས་སུ་གང་འདྲ་བསམ་ཡོད་མི་ཤེས།

སྤྱིར་འུ་ཅག་གི་ཕ་ཡུལ་ནས་རང་གི་ས་ཕྱོགས་ཀྱི་གླུ་བ་དག་ལ་རྒྱབ་སྐྱོར་མི་བྱེད་ཀི  ང་ལྟ་བུ་དག་ཅི་ཡིན་ན་ཡིན། རེད་དེ་“ཕ་ཡུལ་གྱི་གླུ་བ་གསར་བ་རེ་ཡོད་ན་དེ་དག་ལ་རོགས་རམ་རེ་བྱེད་རོགས་”ཟེར་རྒྱུ་ཡིན། སྤྱིར་རང་གི་ཕ་ཡུལ་གྱི་མི་ལ་ཕ་ཡུལ་བས་བདག་རྒྱག་དགོས་ནི་རེད། དཔེར་ན་ངས་ཆེད་སྒྲིག་གི་ནང་དུ་བྲག་འགོ་རྫོང་ལ་བསྟོད་པ་ཞིག་བླངས་པ་ཡིན། རེད་དེ་རྗེས་ནས་ལེན་མི་ཆོག་ཅེས་བསྒྲིག་གི་མ་བཞག་པ་རེད། དཔེར་ན་རང་རྫོང་གིས་ཐུའུ་ཤིག་ཡོད་ན་དེ་ལྟ་བུའི་དཀའ་ཁེག་ལ་འཕྲད་མི་སྲིད་པ་ལྟ་བུ་ཡིན།

དྲི་བ། ངའི་ལྟ་ཚུལ་དུ་ཁྱེད་རང་གིས་སྔོན་བླངས་པ་དག་ལས་ད་ལོར་གདངས་དང་ཚུགས་ཀ་གང་ཐད་ ནས་འགྱུར་ལྡོག་ཆེན་པོ་བྱུང་འདུག རེད་དེ་མང་པོ་ཞིག་གིས་ཇེ་ཡག་ཏུ་སོང་འདུག་བཤད་ཀྱིན་འདུག དེ་ཡིན་ནམ། ཁྱེད་རང་གིས་གང་འདྲ་བསམ་གི་ཡོད།

དྲིས་ལན། ང་རང་གིས་ཀྱང་ཡིན་རྒྱུ་རེད་བསམ་གི འགྱུར་ལྡོག་ཅུང་ཙམ་སོང་ཡོད་རྒྱུ་རེད། གླུ་བླངས་ནས་ལོ་མང་པོ་སོང་བའི་ཉམས་མྱོང་དང༌། དེ་མིན་གླུ་ཡི་སློབ་གྲྭ་(音乐学院)ཡང་ལོ་བཞི་ལ་འགྲིམས་པ་རེད། ད་སྐབས་མཐར་ཕྱིན་ལ་ཉེ་ནས་ཡོད། དེ་དག་གིས་ཅུང་ཙམ་ཇེ་བཟང་དུ་སོང་ཡོད་རྒྱུ་རེད་བསམ་གི

དྲི་བ། དེ་ནས་མཐར་ཕྱིན་པ་དང་ཁྱེད་རང་ལ་འཆར་གཞི་གང་འདྲ་ཡོད།

དྲིས་ལན། ངའི་འཆར་གཞི་ཡི་ཕྱོགས་ནས་བཤད་ན་སྤྱིར་ང་རང་ལ་མི་འདངས་ས་ཧ་ཅང་མང་གི དེ་ཡིན་ན་མུ་མཐུད་དུ་སློབ་སྦྱོང་བྱེད་རྒྱུ་ཡིན། ད་ལྟའི་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་ཏུ་སློབ་གྲྭ་གཞན་ཞིག་འགྲིམ་པའི་གོ་སྐབས་ ཨེ་རྙེད་ལྟ་རྒྱུ་ཡིན།

དྲི་བ། ཁྱེད་རང་གིས་དབྱངས་རྩོམ་རྒྱུ་དང༌། རོལ་མོ་སྒྲིག་རྒྱུ་སོགས་ནུས་སམ།

དྲིས་ལན། ང་རང་གིས་དབྱངས་འགའ་རེ་རྩོམ་ཁུལ་བྱེད་ཀི་ཡོད། ད་ལོའི་ཆེད་སྒྲིག་གི་ནང་དུའང་ང་རང་གིས་བྲིས་པའི་དབྱངས་འགའ་རེ་ཡོད།

དྲི་བ། ཁྱེད་རང་གླུ་བ་ཞིག་ཡིན་པའི་ཆ་ནས་སྐད་ངག་དང་ལུས་ཁམས་ལ་བདག་སྐྱོང་ངམ་གཅེས་སྤྲས་སོགས་དམིགས་བསལ་བ་བྱེད་རྒྱུ་ཡོད་དམ།  དཔེར་ན་ཟས་ཟ་སྟངས་དང་གོས་གྱོན་སྟངས་སོགས་སྨན་པ་དག་ལ་འདྲི་རྒྱུ་སོགས་བྱེད་མྱོང་ངམ།

དྲིས་ལན། དེ་སོགས་གང་ཡང་མེད།ནམ་ཡང་རྒྱུན་ལྡན་གྱི་འཚོ་བར་རོལ་ནས་བསྡད་ཡོད།དེ་མིན་གླུ་བ་ཆེན་པོ་རྣམ་པ་ལྟར་བདག་ལ་གླུ་ཡི་ཕྱོགས་ནས་ཕུགས་བསམ་ཆེན་པོ་ཞིག་གང་ཡང་མེད། ང་རང་ཆུང་དུས་ནས་ངའི་ཕུ་བོ་ལགས་ཀྱི་གཙོའི་ཁྱིམ་མི་རྣམ་པའི་དགའ་ཕྱོགས་ལྟར་གླུ་ལེན་རྒྱུ་དང་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་བ་ཡིན།  དེ་བཞིན་ལོ་བཅོ་ལྔ་ནས་བཟུང་གླུ་བའི་མིང་ཐོགས་སོང་བ་ཙམ་རེད། ད་ལྟ་ལོ་དུ་མ་འདས་ཟིན་པ་ཡིན། དེ་ཙམ་ལས་རེད།

དྲི་བ། ཁྱེད་རང་ད་ལྟ་ནས་གླུ་བ་ཆེན་པོ་རེད། མ་འོངས་པར་ད་དུང་འདི་ལྟར་གླུ་གར་རིག་གནས་ལ་སྦྱང་བ་བྱས་ནས་ཕྱིན་ན། ཁྱེད་རང་གླུ་བ་ཆེན་པོ་ལས་ཀྱང་ཆེན་པོ་ཞིག་ཏུ་འགྱུར་བར་བདག་རང་ལའང་ཡིད་ཆེས་བརྟན་པོ་ཡོད། དེས་ན་འུ་ཅག་གི་ཕ་ཡུལ་ལྟ་བུ་ནས་གསར་སྐྱེས་གླུ་བ་འགའ་རེ་གསོ་སྐྱོང་བྱེད་པའི་བསམ་བློ་ཡོད་དམ།

དྲིས་ལན། དེ་ཡོད། ལོས་ཡོད། འོན་ཀྱང་བདག་ལ་ད་ལྟ་ནུས་པ་ཧ་ཅང་ཆུང་ནི་རེད། དཔེར་ན་དགེ་རྒན་བཟང་པོ་རེ་ངོས་སྦྱོར་བྱེད་པ་ལྟ་བུ་ལས།  ང་རང་གིས་སློབ་སྟོན་བྱེད་རྒྱུ་སོགས་ཀྱི་ཡོན་ཚད་གཏན་ནས་མེད། ཡིན་ནའང་འུ་ཅག་བོད་ཀྱི་གླུ་བ་རྒན་རབས་པ་དག་གིས་གླུ་ཡི་འཛིན་གྲྭ་ལྟ་བུ་ཞིག་འཛུགས་རྒྱུ་ཡིན་ན། ང་རང་གིས་ཀྱང་ཅི་ནུས་གང་ནུས་ཀྱིས་རོགས་བྱེད་ངེས་ ཡིན། སྤྱིར་ད་ཐེངས་ང་རང་སློབ་མ་ཞིག་ཡིན། གལ་སྲིད་ངའི་བྱ་བ་ལམ་འགྲོ་བྱུང་ན་བོད་ཀྱི་ན་གཞོན་དག་ལ་ནུས་ཚད་ཀྱིས་རོགས་ བྱེད་པའི་འདུན་པ་ཡོད།

དྲི་བ། ཁྱེད་རང་གིས་གླུ་ལེན་བཞིན་པའི་སྐབས། བསྟོད་པ་དང༌། སློབ་གསོ། བརྩེ་དུང་སོགས་གླུ་ཚིག་གང་གི་རིགས་ལེན་རྒྱུར་ཧ་ཅང་དགའ། གང་ཅན་པོ་བླངས་ན་ཉམས་དང་དབྱངས་རྟ་སོགས་ཡོང་གི་འདུག

དྲིས་ལན། བོད་མིའི་བླ་སྲོག་གི་སྐོར་ནས་སློབ་གསོ་ཡིན་ན་དགའ། རྒྱུ་མཚན་དེའི་སྐོར་ནས་ཡིན་ན་གཞན་ལ་སློབ་གསོ་ཅུང་ཙམ་རེ་ཐོབ་ན་བསམ་གི་ཡིན། ང་རང་དེ་རིགས་ལ་དགའ་བའི་སྟོབས་ཀྱིས་སྐད་གདངས་དང་ཉམས་ཀྱང་ཅུང་རེ་ཐོན་གི་བསམ་གྱིན་ཡོད།

དྲི་བ། འུ་གཉིས་ཀྱི་སྐད་ཆ་འདི་ཡིག་ཐོག་ནས་གྲམ་རྒྱུ་རེད། དེ་ཡིན་ན་གླུ་བ་གསར་བ་དག་གིས་མཐོང་ན་བོད་ཀྱི་གླུ་བ་དག་ལས་སུ་སྙན་གི སུ་ཡི་ཉམས་ཡག་གི སུ་ལ་སློབ་སྦྱོང་བྱེད་འོས་ཀི དེའི་སྐོར་ནས་སྐད་ཆ་ཞིག་བཤད་རོགས།

དྲིས་ལན། སྤྱིར་བོད་པ་ཞིག་ཡིན་ནས་བཟུང་སུ་ཡིན་ཡང་སྐད་སྙན་མོ་ཡོད་ནི་རེད། ཡིན་ནའང་སུ་ལ་ཡང་གླུ་ཡི་རིག་གནས་ཧ་ཅང་ཞན་གི གསར་སྐྱེས་གླུ་བ་དག་གིས་ཀྱང་རང་རང་གིས་དགའ་ཕྱོགས་འདེམས་རྒྱུ་ལས་དམིགས་བསལ་གྱི་འདི་ཡག་དེ་སྙན་གྱི་སྐད་ཆ་གང་ཡང་མེད།

དྲི་བ། ཁྱེད་རང་གིས་བཤད་པ་ལྟར་ན་སློབ་གསོའི་གླུ་ལེན་རྒྱུར་ཧ་ཅང་དགའ་བོ་འདུག དེས་ན་དེ་སྔོན་ཁོར་ཡུག་སྲུང་སྐྱོབ་དང་རིག་གནས་སྲུང་སྐྱོབ་ཀྱི་ཕྱོགས་ནས་གླུ་ལེན་མྱོང་ངམ།

དྲིས་ལན། དེ་སྔོན་འོད་སྡེར་དུ་བླངས་ཚར་ནི་འགའ་རེ་ཡོད།  མ་ཟད་མི་འགྱང་བར་ཕུད་རྒྱུ་འགའ་ཞིག་ཡོད། ང་རང་གིས་གང་ཐད་ནས་ཀྱང་སློབ་གསོ་ལེན་རྒྱུའི་ཕུགས་བསམ་ཡོད།



 མཐར་བཤད་རྒྱུ་ཞིག་ལ། ང་རང་ལ་གླུ་ཚིག་རྩོམ་པ་པོ་འགའ་རེ་ཡིས་གླུ་ཚིག་བརྩམས་ནས་བྱིན་ཡོད། དེ་དག་མུ་མཐུད་དུ་ལེན་རྒྱུ་ཡིན། དེས་ན་ངས་དེ་རིང་ཁོང་རྣམ་པ་དང༌། དེ་མིན་ངས་གླུ་ལེན་སྐབས་ལམ་སྟོན་བྱེད་མྱོང་བའི་གླུ་བ་གྲོགས་པོ་དག་གིས་རོགས་རམ་བྱས་པ་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

                                                                           བཅའ་འདྲི་བ།  གཙང་སངས། ཐང་ལྷའི་རྒྱལ་སྲས་ནས།

6 comments:

  1. བཟང་གི དགའ་ནས་ཡོད།

    ReplyDelete
  2. གླུ་བ་ཚེ་དབང་ལྷ་མོ་འདི་བཞིན་ལོ་ན་ཆུང་ཞིང་མཛེས་སྡུག་ལྡན་པའི་ཐོག་མི་རེགས་ཀྱི་ལ་རྒྱ་དང་ཞན་ཡོད་པ་གང་ཞིག་ཡིན་པ་མ་ཟད་བོད་ཀྱི་རིག་གཞུང་བདག་གཅེས་བྱེད་དགོས་ཀྱི་སྐུལ་སློང་སྤེལ་བའི་གླུ་གཞས་གཏོང་རྒྱུར་འབད་བརྩོན་གནང་མཁན་ཞིག་རེད་འདུག།་ ཁོ་མོའི་བསམ་བློ་གཏོང་ཕྱོགས་ལ་ཡིད་སྨོན་་རང་སྐྱེས་སོང།་

    ReplyDelete
  3. ངས་བོད་ཀྱི་གླུ་བ་དང་གླུ་མའི་ནང་གུས་བསྐུར་དང་ཡིད་རང་ཆེ་ཤོས་བྱས་ས་གཉིས་ཡོད་དེ་ནི་བོད་ཀྱི་གླུ་བ་གྲཊ་ཅན་ཀུན་དགའ་དང་ཚེ་དབང་ལྷ་མོ་གཉིས་རེདཁོང་གཉིས་ནི་བོད་ལ་ཤ་ཞན་ཡོད་མཁན་ཞིག་དང་ལ་རྒྱ་ཅན་གྱི་མི་སྣ་ཞིག་རེད༽ང་རང་ཡང་རྗེས་སུ་གླུ་བ་ཞིག་ཆཊ་འདོད་ཡོད་་་་མི་ཚོས་ང་ལ་དེ་གཏོང་བསམ་རེད་ཅིས་བཤད་གི་འདུག་ཡིནའང་ང་རང་བསམ་པ་འབད་བརྩོན་བྱས་ན་མ་གྲུབ་པའི་བྱ་བ་མེད་བསམ་ཀི་༽གུས་པ་ད་ལྟ་རྒྱ་གར་ལྷོ་ཕྱོགས་ལ་སློབ་གཉེར་བྱས་གི་ཡོད་་་ཕ་ཡུལ་སྨར་ཁམས་ནི་ཡིན་་མིང་ལ་བྱམས་པ་དངོས་གྲུབ་་རང་ལོ་བཅོ་བརྒྱད་ཡིན་

    ReplyDelete
  4. ཁྱི་ཞིག་གིས་ཁྱི་སྐད་ཚ་བོ་ཞིག་རྒྱབ་འདུག་ལ་་་་་་་ང་ངོ་མ་ཞེན་པ་ལོག་གིྱ

    ReplyDelete
  5. ང་ཚོ་ཚང་མ་ཆབ་སྲིལ་གྱི་དྲ་བར་ཚུད་པའི་་་མི་་རབས་་ཞིག་གི་་་་སྲོག་རྩ་ཡིན་པའི་་་ཆིག་སྒྲིལ་་་གྱི་་་་ལམ་དམིགས་ནས་་་ང་ཨ་མདོ་བ་ཞིག་ཡིན་པའི་ཆ་ནས་་ཀུན་གདའ་དང་ཤེར་བསྟན་་གཉིས་རེད་ལབ་ན་་་ཆིག་སྒྲིལ་གྱི་ལམ་བུ་ཞིག་འཚོལ་གྱིན་་ཡོད་པའི་གཟབ་གནན་བྱ་་་་དེ་ལས་ལྡོག་ན་་་་སྐད་ཡིག་འདིའི་སྲོག་གཅོད་རྟ་རེ་དང་་ཀུན་ནས་་་མཚུངས་་་བའི་གཟབ་གནན་བྱེད་རོགས་་་

    ReplyDelete
  6. མི་ཡོང་གི་

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།